༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལྡི་ལིར་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་ལ་དྭགས་ཀྱི་གཞོན་སྐྱེས་སློབ་ཕྲུག་དང་། ལ་དྭགས་དགོན་ཚོགས་ཀྱི་ཚོགས་མི་སོགས་ཕྱི་ནང་གི་དད་ལྡན་མཇལ་བ་ཉིས་བརྒྱ་དྲུག་ཅུ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།
མཇལ་ཁའི་སྐབས་སུ་མཇལ་བཅར་བ་རྣམ་པས་སོ་སོའི་དཀའ་ངལ་དང་བདེ་སྡུག་༸སྙན་སེང་གིས་ཐུགས་སྨོན་སྐྱབས་འཇུག་གང་ཞུས་ལ་མགོན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་རྗེས་འཛིན་གནང་བཞིན་པ་ལྟར། དེ་རིང་མཇལ་ཁའི་སྐབས་སུ་དད་ལྡན་མཇལ་བཅར་བ་ཞིག་གིས་སོ་སོ་རང་ཉིད་ལ་གདེང་ཚོད་ཡོང་གི་མི་འདུག་པས་དེ་ལ་ལམ་སྟོན་ཞིག་གནང་རོགས། ཞེས་ཞུས་པར་མགོན་པོ་མཆོག་གིས། གནས་ཚུལ་མཐོང་རྒྱ་ཐོས་རྒྱ་ལ་དོ་སྣང་ཡག་པོ་བྱུང་ན་སོ་སོར་ཡིད་ཆེས་སླེབས་ཀྱི་རེད། དོ་སྣང་དེ་ཙམ་མ་བྱས་པར་མི་ཞིག་གིས་ཟེར་གྱི་འདུག་ཅེས་བསྡད་ཚེ་ཡིད་ཆེས་སླེབས་ཀྱི་མ་རེད། ཅེས་ལམ་སྟོན་གནང་བ་དང་།
ཡང་དད་ལྡན་མཇལ་བཅར་བ་གཞོན་སྐྱེས་ཤིག་གིས་ལས་ཀ་གསར་པ་འགོ་འཛུགས་སྐབས་ཧ་ཅང་ཞེད་སྣང་ཡོང་གི་འདུག་པས་དེ་ལ་ཅི་བྱེད་དགོས་སམ། ཞེས་ལམ་སྟོན་ཞུས་པར། གནས་ཚུལ་གཅིག་རྐྱང་པར་བསམ་བློ་མི་གཏོང་བར་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་སེམས་ནང་དུ་གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་སོ་སོས་ཐག་ཆོད་པའི་ལས་ཀ་འདི་ཡིན་ཟེར་བ་ཞིག་ཡོང་གི་ཡོད། ཅེས་དང་། སློབ་ཕྲུག་ཅིག་གིས་ཡིག་ཚད་སྐབས་སུ་སེམས་ལ་དངངས་སྐྲག་ཆེན་པོ་ཡོང་གི་འདུག་པས་དངངས་སྐྲག་མེད་པར་བཟོ་བར་གང་བྱེད་དགོས་ཞེས་ཞུས་པར། ནམ་རྒྱུན་ནས་སློབ་ཚན་ལ་སློབ་སྦྱོང་གིས་རྒྱུས་ཡོད་བྱུང་ན་སྐྱོན་ཡོད་པ་མ་རེད། སྔ་མོ་ངོས་རང་གྲྭ་སར་སྐོར་དུས་སྔོན་ལ་༸རྒྱལ་བ་རིན་པོ་ཆེ་ཡིན་ཞེས་རང་བགར་མ་བསྡད་པར་མཚན་ཞབས་ཚོའི་མཉམ་དུ་དཔེ་ཆ་མང་པོར་བལྟས་པ་ཡིན། དམ་བཅའ་འཇོག་པའི་སྐབས་སུ་སོ་སོར་གདེང་འཁེལ་བ་ཞིག་རེད། དཔེ་ཆར་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་དགེ་བཤེས་འཇོག་སྐབས་རྩོད་ཟླ་ཚོར་བསམ་བློ་གཏོང་རྒྱུ་ཡོད་པ་ཡིན་པས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཅེས་བཀའ་སྩལ།
གཞན་ཡང་། གཞོན་ནུ་མ་ཞིག་གིས་རང་ཉིད་ཧ་ཅང་ཁོང་ཁྲོ་ལངས་སླ་བོ་ཡོད་པས་དེ་ལ་གཉེན་པོ་ཅི་ལྟར་བསྟེན་དགོས་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རྒྱུ་མཚན་ལ་བསམ་བློ་གཏོང་དགོས། རླུང་ལངས་པའི་རྒྱུ་མཚན་ག་རེ་འདུག སོ་སོའི་སེམས་མ་སྐྱིད་པའི་ཐོག་ནས་རླུང་ལངས་པ་ཡིན་ན་བྱབ་ཆུང་རེད། རྒྱུ་མཚན་ཡོད་པའི་ཐོག་རླུང་ལངས་པ་ཡིན་ན་དེ་ནི་གནས་ཚུལ་ཁ་ཁ་རེད། དཔེར་ན། ངོས་རང་རྒྱ་ནག་མི་མང་ལ་ཁྱོན་ནས་རླུང་ལངས་མྱོང་མེད། ཚང་མར་སེམས་ཀྱི་བརྩེ་བ་བྱེད་ཀྱི་ཡོད། ང་ཚོ་ཚང་མ་འཛམ་གླིང་འདིར་སྡོད་པའི་མི་གཅིག་མཚུངས་རེད་བསམ་པའི་ཐོག་ནས་ཚང་མར་དགའ་བོ་བྱེད་བཞིན་ཡོད། ཅེས་དང་། རྒྱ་ནག་ལ་ཏན་ཏན་འགྱུར་བ་འགྲོ་གི་རེད། ངོས་རང་འདིར་བསྡད་ནས་རྒྱ་མི་དང་འབྲེལ་བ་བྱེད་བཞིན་ཡོད། གཙོ་ཆེ་ཤོས་རྒྱ་ནག་ཏུ་ནང་པའི་ཆོས་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་འདུག ང་ཚོས་རྒྱ་མི་དགྲ་ལ་མ་བལྟས་པར་རྒྱ་མི་གཉེན་ལ་བལྟས་ནས་འབད་བརྩོན་བྱས་ནས་ང་ཚོ་སྐྱིད་པ་དང་རྒྱ་རིགས་གྲོགས་པོ་ཚོའང་སྐྱིད་པོ་ཡོང་གི་རེད། སེམས་སྐྱིད་པོ་སྡོད། ཅེས་བཀའ་གནང་བ་དང་།
དེ་རྗེས་བྷེལ་ཇམ་ནས་ཕེབས་པའི་སློབ་ཕྲུག་ཁག་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙའི་ལྗགས་ལུང་ཞུས་པར། རྗེ་བཙུན་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་བཀའ་སློབ་དང་འབྲེལ་ལྗགས་ལུང་བཀའ་དྲིན་སྩལ་བ་དང་། མགོན་པོ་གང་ཉིད་མཆོག་ད་ལྟ་དགུང་ལོ་ ༩༡ ཡིན་པ་དང་། ལོ་བརྒྱ་དང་སུམ་ཅུ་བར་དུ་བཞུགས་རྒྱུ་ཡིན་པ་མ་ཟད། ཁོང་ཉིད་ཀྱི་རྣམ་དཔྱོད་བསྟན་པ་དང་འགྲོ་བའི་དོན་དུ་བེད་སྤྱོད་ཡག་པོ་གནང་ནས་བསྟན་པའི་ཞབས་འདེགས་གནང་རྒྱུའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་ཡོད།
གཞན་ཡང་། དད་ལྡན་མཇལ་བཅར་བའི་ཁྲོད་དུ་བོད་རིགས་གཞོན་སྐྱེས་ཤིག་གིས་ནང་མའི་མཉམ་དུ་དཀའ་ངལ་དང་། དམིགས་བསལ་ཕ་མ་དང་མ་འཆམ་པ་ཡོང་གི་འདུག་པས་དེ་ལ་ཅི་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། བསམ་བློ་སྦུབ་སུག་དོག་མ་གནང་བར་རྒྱ་ཆེ་ས་ནས་བསམ་བློ་བཏང་དགོས། ནང་མི་གཙོས་སུ་ཡིན་ནའང་འཆམ་པ་དེ་ཡག་གི་རེད། ཏོག་ཙམ་ཏོག་ཙམ་མ་འགྲིག་པ་རྒྱུ་མཚན་དུ་བྱས་ནས་ཁྲོས་ནས་བསྡད་ན་སྐྱིད་པོ་ཡོང་ཐབས་མེད། བློ་ལྷོད་ལྷོད་ངང་འཆམ་པོ་བྱས་ནས་བསྡད་ན་སྐྱིད་པོ་ཡོང་གི་རེད། དེ་ལྟར་བྱོས། ཞེས་སོགས་བཀའ་སྩལ་ཡོད།










