༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ནུབ་ཕྱོགས་དང་ཡུ་རོབ། ཨེ་ཤེ་ཡའི་ནང་པའི་རྗེས་འཇུག་གི་དད་ལྡན་གྱིས་གཙོས་མཐོ་སློབ་འགྲིམས་བཞིན་པའི་ལ་དྭགས་ཀྱི་གཞོན་སྐྱེས་སོགས་མི་གྲངས་སུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཚོམས་ཆེན་མདུན་དུ་ཆིབས་བསྒྱུར་གྱིས་ཐོག་མར་རྒྱ་གར་གྱི་མཇལ་བཅར་བ་ཁག་ཅིག་དང་། ཨ་རི། ཨོ་སི་ཊི་ལི་ཡ། སི་པིན། ཨི་ཊ་ལཱི། ཧྥ་རན་སི། ཨིན་ལན། མེ་སུ་ཁོ། མཱ་ལེ་ཞི་ཡ། ཐའེ་ཝན། ཝེད་ནམ། བྷེལ་ཇམ་སོགས་ནས་ཕེབས་པའི་དད་ལྡན་རྣམ་ལ་མཇལ་ཁ་སྩལ་བ་དང་། སྐབས་དེར་མཇལ་བཅར་བ་ཞིག་གིས་༸སྙན་སེང་དང་འབྲེལ་༸གོང་ས་མཆོག་གིས། ནང་ཆོས་ལ་དོ་སྣང་ཡོད་ཚེ་ནང་ཆོས་ཀྱི་དེབ་ཀློག་ཐུབ་ན་ཕན་ཐོགས་ཡོད། ངོས་ཀྱིས་ནང་ཆོས་སྐོར་ལ་འགྲེལ་བཤད་བརྒྱབ་པའི་ཡིག་ཆ་ཡོད། དེས་ཕན་ཐོགས་ཡོད་པ་རེད། ཅེས་དང་། མཇལ་ཞུ་བ་ཞིག་གིས། ངས་མི་ལ་ཕན་ཐོགས་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པས་ཅི་ལྟར་བྱ་དགོས་སམ། ཞེས་ལམ་སྟོན་ཞུས་པར། འཛམ་གླིང་གི་གནས་ཚུལ་ཆ་ཚང་ལ་དོ་སྣང་བྱས་ཏེ། དེ་གཞིར་བཟུང་བསམ་བློ་སྦུབ་སུག་དོག་པོ་མིན་པར་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་གུ་ཡངས་ཀྱིས་བསླབ་བྱ་བརྒྱབ་ན་ཕན་གྱི་རེད། ཅེས་བཀའ་སྩལ་བ་དང་།
གཞན་ཡང་། བོད་ཁྱིམ་སློབ་གྲྭར་རོགས་རམ་བྱེད་མཁན་སྐོར་ཞིག་གིས་མཇལ་ཁ་དང་འབྲེལ་བོད་ཁྱིམ་སློབ་གྲྭར་རོགས་རམ་བྱེད་ཐུབ་པ་དང་། བྱིས་པ་ཚོའི་མཉམ་དུ་དུས་ཚོད་གཏོང་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ཞེས་༸སྙན་སེང་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐུགས་རྗེ་ཆེ། བོད་ཀྱི་བུ་ཕྲུག་ཚོར་དམིགས་བསལ་གྱིས་དོ་སྣང་བྱས་པ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། བོད་ནང་གི་བོད་ཕྲུག་ཚོར་འདི་ལྟ་བུའི་གོ་སྐབས་ཡོད་པ་མ་རེད། འདིར་རང་དབང་ལུང་པར་སླེབས་པ་ཚོས་ངོས་ཀྱི་བསམ་ཚུལ་ལ་དོ་སྣང་ཡག་པོ་བྱེད་ཐུབ་ན་ཕན་ཐོགས་ཡོད། རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པ་དང་། ནང་ཆོས་ལ་དོ་སྣང་དང་ངོས་ཀྱི་མིང་ལའང་ཏོག་ཙམ་དོ་སྣང་ཡོད་འདུག སྔོན་མ་ངོས་རང་པེ་ཅིང་དུ་མའོ་ཙེ་ཏུང་ལ་ཐུག་སྐབས་ཧ་ཅང་སྦུབ་སུག་དོག་པོ་ཡོད་པ་རེད། ཅེས་བཀའ་སྩལ་ཏེ་ཕྱིའི་རྒྱལ་ཁབ་ཀྱི་དད་ལྡན་ཚོར་མཇལ་ཁ་སྩལ་གྲུབ་མཚམས་ལྡི་ལི་སོགས་སུ་མཐོ་སློབ་འགྲིམས་བཞིན་པའི་ལ་དྭགས་ཀྱི་གཞོན་སྐྱེས་རྣམས་ལ་མཇལ་ཁ་སྩལ་ཡོད།

སྐབས་དེར་མཐོ་སློབ་འགྲིམས་བཞིན་པའི་གཞོན་སྐྱེས་ཤིག་གིས་སེམས་ངལ་མང་པོ་ཡོང་གི་འདུག་པས་ཞི་བདེ་ཡོང་བར་ཅི་བྱ་དགོས་སམ་ཞེས་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས། སྡུག་བསྔལ་གྱི་རྣམ་པ་ཞིག་ཐོན་གྱི་ཡོད་ཀྱང་། སེམས་ནང་གི་སྡུག་བསྔལ་དེ་སེལ་བར་ཐབས་ཤེས་འདུག་གམ་མི་འདུག ཐབས་ཤེས་མེད་ན་བྱ་རྒྱུ་མེད། ཐབས་ཤེས་ཡོད་ཚེ་སོ་སོས་སོ་སོར་སེམས་གསོ་བཏང་ནས་སྡུག་བསྔལ་སེལ་ཐབས་གང་ཡོད་ལ་ཐབས་ཤེས་བྱས་ཏེ་སེལ་ཐུབ་པ་བྱ་རྒྱུ་ཡིན་བསམ་དགོས། ཞེས་དང་། མི་ལ་ཕྲག་དོག་མང་པོ་ཡོང་གི་འདུག་པས་ཕྲག་དོག་སྤངས་ཐབས་གང་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། རྒྱ་ཆེ་ནས་བསམ་བློ་བཏང་ན་སློབ་སྦྱོང་ཡག་པོ་བྱེད་མཁན་ཚོ་ལ་ཡག་པོ་རེད་བསམ་པ་ཞིག་མ་གཏོགས་ཕྲག་དོག་ཕལ་ཆེར་ཡོང་གི་མ་རེད། དཔེར་ན། ངོས་རང་གིས་སློབ་སྦྱོང་དང་ཉམས་ལེན་བྱས་པ་ལ་ཕྲག་དོག་ཡོང་གི་འདུག་གམ། ཞེས་བཀའ་རྩད་གནང་བར། སློབ་ཕྲུག་གིས་ཕྲག་དོག་ཡོང་གི་མི་འདུག་ཅེས་༸སྙན་སེང་ཞུས་པར་མགོན་པོ་གང་ཉིད་མཆོག་བཞད་མོ་དང་འབྲེལ། ངོས་ཀྱིས་སློབ་སྦྱོང་དང་ཉམས་ལེན་བྱས་པ་ལ་ཕྲག་དོག་མི་ཡོང་བ་བཞིན་སོ་སོའི་ངོ་ཤེས་དང་། ཆོས་པ་ཉམས་ལེན་བྱ་མཁན་ཚོར་ཕྲག་དོག་བྱེད་མི་རུང་། ཞེས་བཀའ་སྩལ།
ཡང་སློབ་ཕྲུག་ཅིག་གིས་མི་ལ་རོགས་རམ་བྱ་རྒྱུ་མང་དྲགས་ནས་དེ་ལ་མགོ་འཁོར་ཏེ་སློབ་སྦྱོང་ཡག་པོ་ཡོང་གི་མི་འདུག ཅེས་ཞུས་པར། ང་ཚོའི་མིའི་སྤྱི་ཚོགས་ཧ་ཅང་རྙོག་དྲ་ཚ་བོ་རེད། བསམ་བློ་ཆེ་ས་ནས་བཏང་སྟེ་ཕྱོགས་བསྡོམས་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས། ལ་དྭགས་ལྕོག་ལམ་ཚལ་དུ་གནས་གཞི་བྱས་པའི་བསོད་གླིང་བོད་མིའི་གཞིས་གྲོང་དང་པོའི་མི་མང་ལ་ལྔ་བཅུ་ཙམ་ལ་མཇལ་ཁ་དང་། མཐར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་རིགས་ཁག་ཅིག་ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད།










