༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་སོགས་མི་གྲངས་སུམ་བརྒྱ་ལྔ་བཅུ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་ཐོག་མར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཨར་ཀེ ཆའུ་དྷ་རི། (R.K. Chaudhary) ལགས་སོགས་རྒྱ་གར་བ་དང་། འཇར་མན་དང་ནོར་ཝེ། སུད་སི། ཨོ་སི་ཁྲི་རི་ཨ། ཉི་ཧོང་། ཐའེ་ཝན། སོགས་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་མཇལ་ཁ་རིམ་པར་སྩལ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་། མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་སོགས་མི་གྲངས་ ༡༤༣ ལ་མཇལ་ཁ་བཀའ་དྲིན་སྩལ་བ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཧིན་དུའི་ཐོག་བརྩམས་པའི་ཕྱག་དཔེའི་པར་ཕུད་སྤྱན་འབུལ་དང་། མཇལ་ཞུ་བས་མགོན་པོ་གང་ཉིད་མཆོག་ལ་དོགས་འདྲི་སྣ་ཚོགས་ཞུས་པར་བཀའ་ལན་བརྩེ་གཟིགས་གནང་ཡོད་པ་རེད།

དེ་ཡང་ལ་དྭགས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ནས་མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་ལྟར་ལ་དྭགས་སློབ་གྲྭ་ཁག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སི་སློབ་གསོ་ཞེས་པ་སློབ་བཞིན་ཡོད་པ་༸སྙན་སེང་ཞུས་པར། ༸གོང་ས་མཆོག་གིས། སྤྱི་ཚོགས་ནང་ཡ་རབས་ཀྱི་སྤྱོད་པ་ཉམས་ན་ཞི་བདེ་ཡོང་གི་མ་རེད། ཡ་རབས་ཀྱི་སྤྱོད་པ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་མ་རེད། ཕྱོགས་གཅིག་ནས་མིའི་སྤྱི་ཚོགས་དངོས་གནས་ལྷིང་འཇགས་དང་། བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སེམས་པ་བཟང་པོ་བྱུང་ན་དེ་གལ་ཆེན་པོ་འདུག ཅེས་དང་། མཇལ་བཅར་བ་ཞིག་གིས་ཞེད་སྣང་སླེབས་ནས་དཀའ་ངལ་འཕྲད་ཀྱི་འདུག་པས་དེ་བཟློག་ཐབས་སུ་ལམ་སྟོན་ཞུས་པར། མགོན་པོ་གང་ཉིད་མཆོག་གིས། མི་ཚེའི་ནང་དཀའ་ངལ་མེད་པ་ཞིག་མེད། སོ་སོས་ལྷག་བསམ་བསྐྱེད་ཅིང་སེམས་ཤུགས་སྒྲིལ་ནས་སྡོད་དགོས། ཞེས་བཀའ་སྩལ་བ་དང་། མཇལ་བཅར་བ་ཞིག་གིས་ཨ་མ་འདས་གྲོངས་སུ་ཕྱིན་ནས་ལོ་བཅུ་གྲངས་འགོར་ཡང་ད་དུང་རྨི་ལམ་དུ་རྨིས་བཞིན་འདུག་པ་ཅི་ཡིན་བཀའ་འདྲི་ཞུས་པར། དེ་ནི་ཨ་མ་དང་ལས་འབྲེལ་ཤུགས་ཆེན་པོ་ཡོད་པའི་རྟགས་རེད། ཡག་པོ་རེད། ཅེས་བཀའ་ཕེབས་ཡོད།

གཞན་ཡང་། མཇལ་ཁ་ཞུ་མཁན་གྱི་ཁྲོད་ནས་མཐོ་སློབ་འགྲིམས་བཞིན་པའི་བུ་མོ་རང་ལོ་ ༢༡ ཅན་གྱི་བསྟན་འཛིན་ཆོས་མཚོ་ཞུ་བས་མགོན་པོ་གང་ཉིད་མཆོག་གིས་གནང་བའི་མིང་འདིའི་དོན་ཅི་ཡིན་བཀའ་འདྲི་ཞུས་པར། བསྟན་འཛིན་ནི་ངོས་ཀྱི་མིང་ཟུར་དང་། བསྟན་པ་འཛིན་མཁན་གྱི་དོན་རེད། ཆོས་མཚོ་ཞེས་པ་ནི་ཆོས་ཕྱོགས་ནས་ཆོས་ཀྱི་རྒྱ་མཚོ་ཞེས་པའི་དོན་རེད། ཅེས་དང་། བསམ་བློ་རྣལ་དུ་མི་གནས་པར་བློ་སྣ་མང་བས་དམིགས་ཡུལ་འགྲུབ་ཐུབ་ཀྱི་མི་འདུག་པའི་བློ་ལྷིང་འཇགས་སུ་གནས་ཐབས་ལམ་སྟོན་ཞུས་པར། གང་ལྟར་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ལྷིང་པོ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུ་དེ་རེད། དཔེར་ན། ངོས་ཀྱིས་སྐྱེ་བ་མང་པོའི་བསམ་བློ་གཏོང་བ་ནི་ཆོས་ཕྱོགས་ནས་སྒེར་གྱི་བསམ་ཚུལ་རེད། ཁ་ཐུག་ལ་རང་ཉིད་ཡོད་སའི་སྤྱི་ཚོགས་འདི་ཞི་བདེ་ཡོང་བར་བསམ་བློ་གཏོང་དགོས། ཞེས་བཀའ་སྩལ་བ་དང་།

ཡང་མཇལ་ཁ་ཞུ་མཁན་ཞིག་གིས་མི་ལ་ཕར་བལྟ་དུས་ཡག་སྡུག་ཤེས་ཀྱི་མི་འདུག་པས་དེ་ལ་ཅི་བྱེད་དགོས་ཞེས་བཀའ་འདྲི་ཞུས་པར། གཙོ་བོ་སེམས་པ་བཟང་ངན་ལ་བལྟ་དགོས། ཕྱི་རོལ་གྱི་རྣམ་འགྱུར་གང་འདྲ་ཡོད་ཀྱང་སེམས་པ་བཟང་པོ་ཡོད་ཚེ་དེ་ནི་གལ་ཆེ་ཤོས་རེད། ཅེས་བཀའ་སྩལ་རྗེས་སློབ་ཕྲུག་ཅིག་གིས་ཨ་ར་པ་ཙའི་ལྗགས་ལུང་ཞུས་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསོལ་འདེབས་དང་གཟུངས་སྔགས། བསྔོ་བ་བཅས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་རྗེས། རང་ཉིད་ལ་བརྩེ་བ་ཡོད་སའི་ཕ་མ་སྤུན་མཆེད་ཉིན་ཞིག་གྲོངས་འགྲོ་བར་ཞེད་སྣང་ཡོང་གི་འདུག་པས་ཅི་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། ནང་པའི་གཞུང་ནས་སྐྱེ་བ་མུ་མཐུད་ནས་ཡོང་བ་བཤད་ཀྱི་ཡོད། དེར་བརྟེན། ཚེ་འདི་ལ་ཕ་མ་བྱས་ཏེ་ཧ་ཅང་ཉེ་བོ་ཡོད་ཀྱང་། ཕ་མ་གྲོངས་རྗེས་རྣམ་ཤེས་མུ་མཐུད་ནས་བསྡད་ཡོད། ཅེས་བཀའ་སྩལ།

དེ་བཞིན་མཇལ་ཁ་ཞུ་མཁན་གཞོན་སྐྱེས་ཤིག་གིས། འཛམ་གླིང་སྟེང་སྡུག་བསྔལ་ཅན་གྱི་མི་ཧ་ཅང་མང་པོ་ཞིག་འདུག དེ་ལ་རོགས་པ་བྱེད་འདོད་འདུག་པས་རོགས་རམ་ཇི་ལྟར་བྱེད་དགོས་སམ། ཞེས་བཀའ་འདྲི་ཞུས་པར། ང་ཚོའི་སྤྱི་ཚོགས་ནང་བྱམས་བརྩེའི་ཚོར་བ་ཤུགས་ཆེ་རུ་འགྲོ་བ་ཞིག་དང་། བརྣབ་སེམས་དང་གནོད་སེམས་བྱེད་པ་ཉུང་དུ་འགྲོ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱ་དགོས། ཅེས་དང་། རླུང་ལངས་ནས་དེས་ལམ་སེང་ཕན་ཐོགས་གང་ཡང་མེད། དཀའ་ངལ་འཕྲད་པའི་སྐབས་སུ་རླུང་མ་ལངས་པར་དཀའ་ངལ་སེལ་ཐབས་ལ་བསམ་བློ་བཏང་ན་ཡག་པོ་ཡོད། ཅེས་དང་། ཞེད་སྣང་དང་དངངས་སྐྲག་མེད་པ་བཟོ་བར་ཅི་བྱེད་དགོས་སམ། དེ་ལྟ་བུའི་སྐབས་སུ་རང་གི་སྤྱི་བོར་སྤྱན་རས་གཟིགས་ཡོད་པར་བསམ་ནས་མ་ཎི་བགྲང་ན་སེམས་ཀྱི་རྣམ་རྟོག་ཉུང་དུ་འགྲོ་གི་རེད། ཅེས་བཀའ་ཕེབས་པ་དང་།

ཡང་མི་ཚང་མར་བྱམས་བརྩེ་སྤེལ་ཐབས་སྐོར་བཀའ་འདྲི་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་སྤྱི་ཚོགས་འདི་བྱམས་བརྩེའི་ཚོར་བ་ཤུགས་ཆེན་པོ་ཡོད་པ་ཞིག་བྱུང་ན་དེ་ཙམ་ང་ཚོའི་ཐབས་ཤེས་རེད་མ་གཏོགས་འཛམ་གླིིང་ཡོངས་རྫོགས་ལམ་སེང་བཤད་ཐུབ་རྒྱུ་ཁག་པོ་རེད། ཅེས་དང་། ཕྲུ་གུ་སྐྱེས་པའི་སྐབས་སུ་ཨ་མས་ཇི་ལྟར་འཆམ་པོ་བྱེད་བཞིན་འདུག སེམས་པ་བཟང་པོ་ཞེས་པ་ནི་དེ་ལྟ་བུ་ཞིག་གི་ཐོག་ནས་སླེབས་ཀྱི་ཡོད། ཡང་ཨ་མ་སྡུག་ཅག་དེ་འདྲས་ཕྲུ་གུ་སྐྱེས་པ་དང་མར་གཡུགས་པ་ལྟ་བུ་ནི་གནས་ཚུལ་ཁ་ཁ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ལ་དྭགས་ལྕོག་ལམ་ཚལ་གྱི་བསོད་ནམས་གླིང་བོད་མིིའི་གཞིས་ཆགས་ཀྱི་གཞིས་གྲོང་གསུམ་པའི་ལོ་ ༤༠ ནས་ ༥༥ བར་གྱི་མི་མང་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་སོགས་ཁྱོན་མི་གྲངས་ ༡༡༡ ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད།










