༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུར་བཞུགས་སྟེ་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་གྱིས་དཀར་དགོན་གྱི་༸རྒྱལ་བའི་ཕོ་བྲང་གསར་པ་དང་། ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོའི་ཆུ་ཚོད་༧།༢༠ ཡོལ་ཙམ་ལ་ཐད་འཕུར་གནམ་གྲུ་ནས་ཟངས་དཀར་ཁུལ་དུ་༸ཞབས་སོར་འཁོད་ཅིང་། གནམ་ཐང་ནས་ཕེབས་ལམ་གཡས་གཡོན་དུ་ཟངས་དཀར་ཡུལ་གྱི་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཕེབས་བསུ་དང་བཅས་དཀར་དགོན་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་གྱིས་ཐོག་མར་ཕོ་བྲང་དབུ་འབྱེད་དང་རབ་གནས་བཀའ་དྲིན་སྩལ་རྗེས་ཚོགས་ཆེན་འདུ་ཁང་དུ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དཀར་དགོན་དབུ་ཆོས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དཀར་དགོན་དབྱར་གྱི་རིག་གཞུང་ཆེན་མོའི་ཚོགས་གཙོ་དགེ་བཤེས་བློ་བཟང་ཚེ་བརྟན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ལ་དྭགས་ཡུལ་དུ་དབྱར་ཆོས་ཀྱི་ལམ་སྲོལ་ཚུགས་པ་དང་། དབྱར་ཆོས་དང་འབྲེལ་ནས་བཀའ་བསྟན་མཆོད་ཁང་དུ་སྒྲིག་གཤོམ་བྱེད་པ་ཙམ་མ་ཡིན་པར་སློབ་སྦྱོང་བྱེད་ཐུབ་པར་འབད་བརྩོན་གནང་མུས་ཡིན་པའི་སྐོར་དང་། དཀར་དགོན་དབྱར་ཆོས་འདི་བཞིན་ལ་དྭགས་ཀྱི་དབྱར་ཆོས་ཐེངས་བཅུ་པ་ཡིན་པ་སྙན་སེང་དང་འབྲེལ་མགོན་པོ་གང་ཉིད་མཆོག་སླར་ཡང་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་།
དེ་རྗེས་་གར་གྷལ་རྫོང་དཔོན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་བྱམས་བརྩེའི་བཀའ་སློབ་ནི་དེང་གི་འཛམ་གླིང་ལ་ཧ་ཅང་དགོས་ངེས་ཅན་ཆགས་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ནི་བྱམས་བརྩེའི་བདག་ཉིད་ཆེན་པོ་ཞིག་ཡིན་པས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་ནི་ཐོབ་དཀའ་བའི་གོ་སྐབས་རྩ་ཆེན་ཞིག་ཡིན་པ་སོགས་ཕེབས་བསུའི་གསུང་བཤད་གནང་རྗེས་སློབ་ཕྲུག་ཁག་ཅིག་གིས་བདེ་སྐྱིད་དང་དེའི་རྒྱུ་ཡི་སྐོར་ལ་རྟགས་བསལ་གཟིགས་འབུལ་ཞུས་པ་དང་། དཀར་ཤ་ཕོ་བྲང་གསར་བཞེངས་ཨར་ལས་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་ཕ་ཡུལ་ནས་ལྷ་སར་ཡོང་ནས་ལོ་མང་པོར་བསྡད་པ་རེད། མང་ཚོགས་ལ་གཏམ་བཤད་དགའ་རབ་བྱས་པ་ཡོད། གདན་ས་སྐོར་བ་སོགས་དངོས་གནས་སྐལ་བ་བཟང་པོ་ཧ་ཅང་ཡག་པོ་བྱུང་། རྒྱ་མི་གུང་ཁྲན་སླེབས་ནས་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཙམ་དུ་མ་ཟད་པའི་བོད་ཀྱི་ཆོས་དད། དངོས་གནས་རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་བློ་གཏོང་བཞིན་པའི་ཆོས་དད་ཀྱི་ཐོག་ལ་སྟངས་འཛིན་བྱེད་པའི་བསམ་ཚུལ་ཤུགས་ཆེན་པོ་འདུག ངོས་རང་པེ་ཅིང་དུ་ཡོད་སྐབས་མའོ་ཙེ་ཏུང་དང་ངེད་གཉིས་གྲོགས་པོ་ཡིན། མའོ་ཙེ་ཏུང་གིས་ཆོས་ཟེར་བ་ནི་དུག་རེད་ཅེས་ཟེར། མའོ་ཙེ་ཏུང་ཁ་ཞེ་གཉིས་མེད་རེད། ངོས་ཀྱིས་དམིགས་བསལ་གང་ཡང་བཤད་མེད་རུང་བསམ་བློའི་ནང་དུ་ཁོ་དངོས་གནས་བསྟན་པའི་དགྲ་བོ་རེད་བསམ་པ་དྲན་བྱུང་། གང་ལྟར་རྒྱ་ནག་གུང་ཁྲན་ཏང་གི་སྲིད་ཇུས་ཀྱི་འགྲོ་སྟངས་སུ་ཆོས་ཟེར་བ་ནི་རྨོངས་དད་དང་། རྨོངས་དད་ཟེར་བ་མེད་པ་བཟོ་དགོས་པ་ཞིག་ཆགས་ཡོད་པས་དངོས་ཤུགས་བརྒྱུད་གསུམ་ནས་ཆོས་ལ་སྡང་ཟུག་བྱེད་པ་ཞིག་རེད། ལྷག་པར་དུ་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་གཞུང་ཆེན་ལ་སློབ་གཉེར་བྱེད་པ་དང་། སློབ་གཉེར་དེ་དག་ཚད་མ་རིག་པ་དང་འབྲེལ་བའི་ཐོག་ནས་སློབ་གཉེར་བྱས་ཏེ་ཧ་ཅང་སྤུས་དག་པོ་རེད།
ངོས་རང་ལ་ཆ་བཞག་ནའང་ཆུང་ཆུང་སྐབས་ནས་བློ་རིག་དང་རྟགས་རིགས་ལ་བལྟས་པ་དང་། ཚད་མ་རྣམ་འགྲེལ་གྱི་ཚད་མའི་འགྲོ་སྟངས་སོགས་ལ་སློབ་སྦྱང་བྱས་ཏེ་རྟགས་བསལ་གཏོང་རྒྱུ་ཆུང་ཆུང་སྐབས་ནས་སྦྱངས་པ་རེད། ཉམས་མྱོང་གི་ཐོག་ནས་བཤད་ན་རིགས་པའི་ལམ་ནས་བསམ་བློ་གཏོང་བ་ནི་ཧ་ཅང་རྩ་ཆེན་པོ་རེད། རིགས་པའི་ལམ་ནས་བཀའ་བསྟན་གྱི་གཞུང་དོན་གཏན་ལ་ཕབ་ནས་དེང་སང་བོད་ཀྱི་ཚད་མ་རིག་པའི་འགྲོ་སྟངས་ལ་ཚན་རིག་པས་ཀྱང་དགའ་བོ་བྱེད་ཀྱི་འདུག དེ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་པ་མ་གཏོགས། རྒྱུ་མཚན་ལ་མ་བརྟེན་པར་རང་བཞིན་གྱིས་དོན་དག་གང་ཡིན་གལ་གནད་དུ་བརྩིས་པ་ཡིན་ན་དེ་ནི་རྨོངས་དད་རེད་མ་གཏོགས་རྒྱུ་མཚན་ལྡན་པ་ཆགས་ཀྱི་མེད། བོད་ནས་ནང་པའི་སློབ་གཉེར་གནང་སྟངས་ནི་ནཱ་ལེནྡྲའི་འགྲོ་སྟངས་ལྟར་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ནི་ཧ་ཅང་གལ་ཆེན་པོར་བརྩིས་ཡོད། བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་དེ་རིགས་པ་དང་འབྲེལ་བའི་ཐོག་ནས་བསམ་བློ་གཏོང་བ་མ་གཏོགས། བླ་མ་གོང་མའི་གསུངས་པ་རེད་ཟེར་བ་དེ་ཙམ་ལ་ཆ་བཞག་ནས་འགྲོ་བ་ཞིག་མ་རེད།
དོན་དག་གང་དང་གང་ཡིན་རུང་དཔྱད་པ་བྱས་ཏེ་རྒྱུ་མཚན་ཅི་ཞིག་ཡོད་པ་ལ་ལྟ་དགོས། སངས་རྒྱས་ཀྱིས་གསུངས་པ་རེད་ཟེར་བ་ལྟ་བུའི་ལུང་ཙམ་ལ་སྐྱབས་སུ་མཆི་བ་མ་ཡིན་པར་རྒྱུ་མཚན་ཅི་ཞིག་ཡོད་མེད་ལ་བསམ་བློ་བཏང་ནས་འགྲོ་བ་ནི་དབང་པོ་རྣོན་པོའི་འགྲོ་སྟངས་རེད་ལ། བོད་ཀྱི་སློབ་གཉེར་ལམ་སྲོལ་ནང་རིགས་པ་ལ་བརྟེན་ནས་འགྲོ་རྒྱུ་ནི་གལ་ཆེན་པོར་བརྩི་བཞིན་ཡོད། བོད་ཀྱི་ཆོས་འདི་དད་པ་གཅིག་པུ་མ་ཡིན་པར་རྒྱུ་མཚན་ལ་དཔྱད་པ་བྱས་ཏེ་འགྲོ་བ་ཞིག་ཡིན་པས་རྒྱ་མི་གུང་ཁྲན་གྱིས་དམིགས་བསལ་དམ་དྲག་བྱེད་པ་ཞིག་བྱུང་སོང་། མདོ་རང་ལས་དོན་གང་ཡིན་རུང་དཔྱད་པ་བྱོས། དཔྱད་པ་བྱས་ནས་ཁས་ལེན་བྱེད་པ་མ་གཏོགས། སངས་རྒྱས་ཀྱི་གསུངས་པ་རེད་ཅེས་ཁས་ལེན་བྱ་རྒྱུ་མེད་ཅེས་གསུངས་འདུག དེ་ནི་ཧ་ཅང་ཡག་པོ་རེད། ངོས་རང་རིགས་པའི་ལམ་ནས་དཔྱད་པ་བྱ་རྒྱུ་ཆུང་ཆུང་སྐབས་ནས་གོམས་ཡོད་པས་དེང་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་རྒྱུར་ཁོ་ཚོས་ཧ་ཅང་དགའ་བོ་བྱེད་བཞིན་འདུག་ལ་ངོས་རང་ཡང་དགའ་བོ་འདུག དེ་ནི་ཞེས་གསུངས་པའི་ཕྱིར་ཞེས་པའི་སྐད་ཆ་མིན་པར་རྒྱུ་མཚན་ལ་བསམ་བློ་གཏོང་གི་ཡོད། གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ཏེ་དཔྱད་པ་བྱེད་པ་ལ་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག་ལ། ཧ་ཅང་གལ་ཆེན་པོ་རེད།
བོད་ལ་ཉམས་ཉེས་ཆེན་པོ་བྱུང་སྟེ་བསྟན་པའི་མེ་རོ་རྒྱ་གར་དུ་བཟུང་བ་དང་། འདིར་སངས་རྒྱས་ཀྱི་བསྟན་པའི་འགྲོ་སྟངས་ལ་ཡུལ་བ་ཚོས་ཀྱང་དོ་སྣང་ཡག་པོ་བྱེད་ཀྱི་འདུག ང་ཚོས་བསྟན་པའི་མེ་རོ་གསོ་ཐབས་བྱེད་བཞིན་ཡོད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་ལ་གཅེས་ཞེན་ཆེན་པོའི་ཐོག་ནས་བདག་པོ་བརྒྱབ་ཡོད་ཅིང་། དེ་ང་ཚོས་མུ་མཐུད་ནས་བྱེད་བཞིན་ཡོད། ངོས་རང་ལ་ཆ་བཞག་ན་དཔེ་ཆར་བལྟས་ཤིང་གྲྭ་སར་འགྲིམས། སྨོན་ལམ་དམ་བཅའ་བཞག་པ་སོགས་གང་ལྟར་རིགས་པའི་འགྲོ་སྟངས་ཆུང་ཆུང་སྐབས་ནས་བསླབ་ཟིན་པ་དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ངོས་ལ་རྟགས་བསལ་སློབ་མཁན་གྱི་དགེ་རྒན་གཙོ་བོ་གཅིག་དེ་སོག་པོ་ཞིག་ཡིན། ངོས་ཀྱིས་ལྷ་སའི་སྨོན་ལམ་ལ་དམ་བཅའ་བཞག་པ་རེད། དེ་བཞིན་གདན་ས་ཚོར་གྲྭ་སྐོར་དུ་ཕྱིན་པ་རེད། དངོས་གནས་རིགས་པའི་ལམ་ནས་དཔྱད་པ་བྱེད་པ་དེས་བློ་བསྐྱེད་ཡོང་བ་ལ་ཧ་ཅང་ཕན་ཐོགས་འདུག
ངོས་རང་གྲོང་གསེབ་ཀྱི་ཕྲུ་གུ་ཞིག་ཕ་ཡུལ་ནས་ལྷ་སར་ཡོང་ནས་རིགས་ལམ་སྦྱང་བས་དེ་ནི་མིའི་རྣམ་དཔྱོད་ཡང་དག་པ་ཞིག་བེད་སྤྱོད་བྱེད་པ་ལ་ཧ་ཅང་ཡག་པོ་འདུག ང་ཚོའི་དགེ་འདུན་པ་སྐྱབས་བཅོལ་ཏུ་ཡོད་མཁན་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཚད་མའི་ལམ་ནས་དཔྱད་པ་བྱ་རྒྱུ་ནི་གལ་ཆེན་པོ་འདུག ཞེས་གསུངས་པའི་ཕྱིར་ཞེས་ལུང་དྲངས་པ་གཅིག་པུ་མ་ཡིན་པར་རིགས་པའི་ལམ་ནས་དཔྱད་པ་བྱས་ཏེ་རིགས་པ་དང་ལྡན་པ་ཞིག་ཁས་བླངས། རིགས་པ་དང་མི་ལྡན་པ་དེ་ལུང་དོན་བཞག་དགོས་སམ། དགོངས་པ་གཞན་དུ་ཇི་ལྟར་བཀྲལ་དགོས་པ་ལ་བསམ་བློ་བཏང་ནས་བྱེད་དགོས། རིགས་པའི་ལམ་ནས་འགྲོ་རྒྱུ་གཙོ་བོ་བྱས་ན་ཧ་ཅང་ཡག་པོ་འདུག ང་ཚོ་སྐྱབས་བཅོལ་བ་ཆགས་ནས་རྒྱ་གར་དུ་ཚོགས་སྡེ་ཆུང་ཆུང་ཞིག་ཡོད་པ་རེད། ཡིན་ནའང་། ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་རིགས་པའི་ལམ་ནས་བསམ་བློ་བཏང་ནས་དཔྱད་པ་བྱེད་པའི་ལམ་ལུགས་མུ་མཐུད་ནས་བཟུང་བསྡད་ཡོད། འདིར་ཆ་བཞག་ན་དངོས་གནས་དུས་ཚོད་གཉན་འཕྲེང་ཅན་འདི་ལ་ང་ཚོའི་ལོ་སྟོང་ཕྲག་རིང་གི་རིགས་ལམ་གྱིས་དཔྱད་པ་བྱེད་པ་འདི་མུ་མཐུད་དུ་བཟུང་སྡོད་པ་བཀའ་དྲིན་ཆེན་པོ་རེད་ལ། ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།
མཐར་ཉེར་གཡོག་རན་པོ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་དབྱར་ཆོས་དང་འབྲེལ་བའི་བསྟོད་གླུ་སོགས་ཟངས་དཀར་གྱི་སྲོལ་རྒྱུན་ཞབས་གཞས་ཁག་ཅིག་གཟིགས་འབུལ་ཞུས་མཚམས་འཇིགས་མེད་དབང་འདུས་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་ཕེབས་བསུ་དང་། དཀར་དགོན་གྱི་༸རྒྱལ་བའི་ཕོ་བྲང་གསར་པ་དང་། ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་ཡོད་པ་དང་། མཛད་སྒོ་འདིར་ཤར་པ་ཆོས་རྗེ་མཆོག་དང་། རྣམ་གྲྭ་མཁན་རིན་པོ་ཆེ་མཆོག ཁྲིག་རྩེ་རིན་པོ་ཆེ་མཆོག ལྷ་རྒྱལ་རིན་པོ་ཆེའི་ཡང་སྲིད། དཀྱིལ་ཁང་རིན་པོ་ཆེ་མཆོག ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག གར་གྷལ་རྫོང་གི་རྫོང་དཔོན། ནང་པ་ཚོགས་པ་དང་དགོན་པ་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་གཙོས་མཁན་བླ་སྤྲུལ་དང་། དཔོན་རིགས་སོགས་སྟོང་ཕྲག་བརྒལ་བ་ཆེད་ཕེབས་ཞུས་ཡོད།