༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་དཀར་ཤ་ཕོ་བྲང་དུ་ཟངས་དཀར་ནང་པའི་ཚོགས་པ་དང་། དགོན་པ་ཚོགས་པ། དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ། དེ་བཞིན་གཟུངས་སྔགས་ཁག་ཅིག་གི་བཟླས་ལུང་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོའི་ཆུ་ཚོད་ ༨།༤༥ ལ་མགོན་པོ་མཆོག་གིས་དཀར་ཤ་ཕོ་བྲང་དུ། ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་དམིགས་བསལ་མཇལ་ཁ་བཀའ་དྲིན་སྩལ་ཞིང་། དེའི་རིང་ཟངས་དཀར་དབྱར་ཆོས་ཆེན་མོར་ཕེབས་པའི་གྲྭ་བཙུན་རྣམས་དང་། སློབ་ཕྲུག་ཕོ་མོ་ཚོས་གསུང་ཆོས་ར་བའི་ཕྱོགས་གང་སར་རྟགས་བསལ་བཏང་སྟེ། ཆོས་ཀྱི་རྩོད་པའི་རིགས་ལམ་བགྲོ་གླེང་གནང་བཞིན་ཡོད་པ་དང་། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རིགས་པའི་ལམ་ནས་དཔྱད་པ་བྱེད་པའི་སློབ་གཉེར་ལམ་སྲོལ་ཟངས་དཀར་སོགས་ལ་དྭགས་ཁྱོན་ཡོངས་སུ་འཕེལ་རྒྱས་འགྲོ་བཞིན་པ་དངོས་སུ་གཟིགས་འབུལ་ཞུས་པ་དང་། སྐབས་དེར་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་མགོན་པོ་གང་ཉིད་མཆོག་གི་སྤྱན་སྔར་ཆོས་འབྲེལ་ཞུ་བར་ཕེབས་པ་ནི། སྐོམ་པས་གདུང་བའི་གླང་ཆེན་པད་མཚོར་མཆོངས་པ་ལྟར་དགའ་དད་སྤྲོ་གསུམ་གྱིས་འདུ་འཛོམས་གནང་ཞིང་། དཀར་ཤ་ཕོ་བྲང་གི་ཚོགས་ཆེན་འདུ་ཁང་ནང་དང་། གཞི་རྒྱ་ཆེ་བའི་གསུང་ཆོས་ར་བ་ཡོངས་སུ་དད་ལྡན་སེར་སྐྱ་མི་མང་གིས་ཁེངས་པར་མ་ཟད། ཕོ་བྲང་ཕྱི་རོལ་གྱི་ཐང་སྟེང་ལའང་འདུ་འཛོམས་རྒྱ་ཆེར་གནང་སྟེ་བགྲོད་ལམ་ཀྱང་དཀའ་བར་གྱུར།
དེ་ལྟ་བུའི་ལ་དྭགས་ཟངས་དཀར་ས་གནས་ཀྱི་དཀར་ཤ་ཕོ་བྲང་དུ་ཞོགས་པའི་ཉི་འོད་ཀྱི་ཚ་ཟེར་ལ་གདོང་ལེན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་གཙོ་རྣམ་གསུམ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་ལ་ངང་སྒུག་བྱེད་པ་ནི། འགྲོ་བ་མིའི་དད་སྟོབས་ཀྱི་ཚད་མཐོ་བའི་དཔེར་མཚོན་ཞིག་དང་། ༸གོང་ས་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་མཆོག་ལ་མཇལ་ཁ་སྩལ་གྲུབ་སྟེ་ཆུ་ཚོད་༩།༠༠ པ་ཙམ་ལ་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ཤར་པ་ཆོས་རྗེ་མཆོག་དང་། རྣམ་གྲྭའི་མཁན་རིན་པོ་ཆེ། ལྷ་རྒྱལ་རིན་པོ་ཆེ་སོགས་མཁན་བླ་སྤྲུལ་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་ཀྱིས་གཙོས་དགེ་འདུན་པ་རྣམས་ཀྱིས་དབུས་ཆོས་ཞུ་བ་ཡོངས་ནས་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོས། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་རྩོམ་མཛད་པའི་བསྟན་བཅོས་གྲགས་ཆེན་རྟེན་འབྲེལ་བསྟོད་པ་ཞེས་བྱ་བ་དང་བ་འདྲེན་པའི་འདོན་དབྱངས་དང་སྦྱར་ནས་གསུང་འདོན་དང་། མུ་མཐུད་ཞལ་འདོན་གཞན་ཁག་ཅིག་རིམ་པར་གསུངས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་སྔོན་འགྲོའི་བཀའ་སློབ་སྩལ་དོན།
དེ་རིང་ས་ཆ་འདིར་ང་ཚོ་འཛོམས་དོན་ངོས་ནས་ནང་ཆོས་འགྲེལ་བཤད་རྒྱག་རྒྱུའི་དམིགས་ཡུལ་གཅིག་ཡིན་ལ། བོད་གངས་ཅན་གྱི་ལྗོངས་ནི་སངས་རྒྱས་པའི་ཆོས་ས་དར་རྡོ་དར་གྱི་ལུང་པ་ཞིག་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་སངས་རྒྱས་པའི་ཆོས་དེ་བོད་གངས་ཅན་གྱི་བསྟན་པའི་འགྲོ་སྟངས་བཞིན་དགའ་བཞིན་སྤྲོ་བཞིན་འཛིན་སྐྱོང་བྱེད་ཀྱི་ཡོད། སངས་རྒྱས་པའི་ཆོས་འཛམ་གླིང་འདིར་མུ་མཐུད་ནས་གནས་པ་ཧ་ཅང་གསལ་བོ་རེད། ཚན་རིག་ཧ་ཅང་ཡར་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་དག་ཏུ། ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག ངོས་རང་ཚན་རིག་པ་མང་པོར་ཐུག་གི་ཡོད། ནང་ཆོས་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བློ་ལ་འགྱུར་བ་གཏོང་སྟངས་ནི་ཚན་རིག་དང་མཐུན་པ་ཧ་ཅང་ཡག་པོ་རེད་ཅེས་དམིགས་བསལ་དགའ་མོས་བྱེད་ཀྱི་འདུག
ང་ཚོའི་ས་ཁུལ་འདི་དག་ཏུ་ཆོས་གསར་དུ་བྱེད་པ་མིན་པར་ཕ་མེས་ཀྱི་དུས་ནས་ཆོས་འདི་བྱེད་བཞིན་ཡོད། ནང་ཆོས་ཀྱི་འགྲོ་སྟངས་ཅི་ལྟར་ཡིན་པ་ལ་སློབ་སྦྱོང་བྱས་ཏེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། ཞེས་པའི་སངས་རྒྱས་ཟེར་བའི་ཚིག་གི་གོ་བ་ཅི་ཞིག་ཡིན་པ་ལ་དོ་སྣང་བྱེད་དགོས། ཆོས་ཞེས་པ་ནི་དྷརྨའི་དོན་རེད། དྷརྨ་ནི་འཛིན་པའམ་སྐྱོབ་པའི་དོན་རེད། དྷརྨ་ཡིས་གང་འཛིན་གྱི་ཡོད་པ་དང་། གང་ལས་སྐྱོབ་ཀྱི་ཡོད་པ་ལ་སློབ་སྦྱོང་བྱས་ཏེ་ཤེས་པར་བྱེད་དགོས། ཚོགས་ཀྱི་མཆོག་ཅེས་པ་ནི། དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མ་བདེན་བཞིའི་ཆོས་འཁོར་བསྐོར་བ་ནས་བཟུང་། མྱ་ངན་ལས་མ་འདས་ཀྱི་བར་དུ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ཡོད། མྱ་ངན་ལས་འདས་པའི་རྗེས་སུ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འདི་ལུང་དང་རིགས་པ་ཟུང་འབྲེལ་གྱི་ཐོག་ནས་བཟུང་བ་རེད། ང་ཚོ་བོད་གངས་ཅན་ལ་ཆ་བཞག་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལས་བོད་ལ་འགྱུར་བ་དང་། ལུང་རྟོགས་ཀྱི་བསྟན་པར་སྙིང་ཁོང་རུས་པའི་གཏིང་ནས་ཆོས་ཀྱི་བྲོ་བ་ཁ་བ་རེད། ཆོས་ཡོད་མཁན་དང་ཆོས་མེད་མཁན་གཉིས་ཀ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་མཚུངས་ཡིན་ནའང་། ཆོས་འདོད་མཁན་གྱི་མི་ལ་སྡུག་བསྔལ་གྱི་རྐྱེན་སྣ་ཚོགས་བྱུང་བ་ཡིན་ནའང་དེ་ལ་གདོང་ལེན་བྱ་རྒྱུ་ཡོད་པའི་ཁྱད་པར་འདུག
ཆོས་ཞེས་པས་བསམ་བློ་གཏོང་སྟངས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་མ་གཏོགས་ཕྱི་ལོགས་ཀྱི་ལྷ་ཁང་རྫིག་པོའི་སྐད་ཆ་ལྟ་བུ་མ་རེད། སངས་རྒྱས་དང་ཆོས། དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཐོག་ནས་བསམ་བློ་ཅུང་ཡོད་མཁན་ཞིག་ཡིན་ན་སྡུག་བསྔལ་དང་ལེན་གྱི་བཟོད་པའམ། གང་ལྟར་བསམ་བློའི་ཐོག་ནས་འགྱུར་བ་འགྲོ་རྒྱུ་ཞིག་ཡོད་པས་ཆོས་ཡོད་མཁན་དང་མེད་མཁན་གྱིས་སྡུག་བསྔལ་མྱོང་བ་འདྲ་ནའང་། ཆོས་ཡོད་མཁན་གྱིས་སྡུག་བསྔལ་དེ་མི་འདོད་པ་རྐྱང་རྐྱང་དུ་མཐོང་ནས་སེམས་ཞུམ་སྡོད་པ་ཆགས་ཀྱི་མེད། ཆོས་ཀྱི་ཐོག་ནས་བསམ་བློ་འཁོར་དུས་སྔོན་གྱི་སྡིག་སྒྲིབ་སེལ་བ་དང་། ཚེ་འདིར་ཕྱིན་ཅི་ལོག་པའི་བློ་རིམ་བཞིན་ཞི་ནས་རིམ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལམ་ཅི་ལྟ་བུ་ཞིག་སྒྲུབ་པ་བཞིན་བྱེད་པར་སེམས་ཤུགས་བསྐྱེད་ཚེ་ཧ་ཅང་ནུས་པ་ཆེན་པོ་འདུག ཆོས་མེད་པར་བསྡད་ཚེ་སྡུག་སྐད་བརྒྱབ་ནས་སྡོད་པ་མ་གཏོགས་གཞན་མེད་པ་དང་། ཆོས་ཡོད་ཚེ་སྡུག་སྐད་བརྒྱབ་ནས་སྡོད་པ་མ་ཡིན་པར་སྡུག་བསྔལ་གྱི་རྩ་བས་ཅི་ཞིག་བྱེད་པ་དང་། དེ་ལ་རྐྱེན་གང་དག་འདུག་པ་བཅས་ལ་བསམ་བློ་གཏོང་རྒྱུ་ཡོད། སྟོན་པ་བཅོམ་ལྡན་འདས་རང་ལ་མཚོན་ནའང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འཁོར་བསྐོར་ཡང་། འཁྲུངས་པའི་སྐབས་ནས་སངས་རྒྱས་པ་ལྟ་བུ་མིན། དེར་བརྟེན། ང་ཚོའི་ཆོས་ཀྱིས་མིའི་བསམ་བློའི་ནང་དུ་སྤོབས་པ་དང་སེམས་ཤུགས་བསྐྱེད་པར་ཁྱད་པར་ཆེན་པོ་འདུག
ངོས་རང་ལ་མཚོན་ན་སངས་རྒྱས་པའི་ཆོས་ལ་ཆུང་ཆུང་སྐབས་ནས་སློབ་སྦྱོང་བྱས་པ་རེད། གཙོ་བོ་ཡོངས་འཛིན་རྡོ་རྗེ་འཆང་གི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་ལ་དགའ་རབ་བལྟས་ཡོད་ཅིང་། རྐྱེན་ངན་འཕྲད་སྐབས་སེམས་ལྗིད་ཁོག་དང་བཅས་ཡོང་བར་ཧ་ཅང་ཕན་ཐོགས་འདུག སྔོན་མ་ངོས་རང་པེ་ཅིང་དུ་སླེབས་དུས་མའོ་ཙེ་ཏུང་དང་ངེད་གཉིས་འཆམ་པོ་ཡོད། མའོ་ཙེ་ཏུང་གིས་ངོས་ཀྱི་བསམ་བློ་ཚན་རིག་དང་མཐུན་པོ་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ཡིན་ནའང་། ཆོས་ཟེར་བ་ནི་དུག་རེད་མ་གཏོགས་ཕན་ཐོགས་མེད་ཅེས་ཟེར། ངོས་ཀྱིས་དེ་གོ་བ་དང་མའོ་ཙེ་ཏུང་ལ་སྙིང་རྗེ་སྐྱེས་པ་དང་། ལོག་ལྟ་ཧ་ཅང་ཆེན་པོ་ཞིག་བློ་ལ་འདུག་བསམ་བྱུང་ཡང་དགག་པ་གང་ཡང་མ་བརྒྱབ། ཆོས་ཕྱོགས་ཀྱི་བསམ་བློ་ཡོད་ན་སེམས་ཀྱི་གཏིང་ལ་ལྗིད་ཁོག་ཡོད་པ་ཞིག་དང་། ཞག་རྩི་ཡོད་པ་ཞིག་ཡིན་པས་ཏན་ཏན་ཕན་ཐོགས་འདུག ང་ཚོའི་མི་ཚེའི་ནང་རྐྱེན་ངན་འཕྲད་པ་ནི་ཆོས་ཉིད་རེད། རྐྱེན་ངན་འཕྲད་པའི་སྐབས་སུ་གདོང་ལེན་བྱེད་ཐུབ་པར་ཆོས་ཕྱོགས་ཀྱི་བསམ་བློ་ལ་ཁྱད་པར་ཆེན་པོ་འདུག
ངོས་ཀྱིས་ཡོངས་འཛིན་རྡོ་རྗེ་འཆང་གི་བཀའ་དྲིན་ལ་བརྟེན་ནས་ཆུང་ཆུང་སྐབས་ནས་དཔེ་ཆར་བལྟས་ནའང་། དེ་དུས་རྐྱེན་ངན་འཕྲད་སྐབས་ལམ་སེང་ཆོས་ཕྱོགས་ཀྱི་བསམ་བློས་གདོང་ལེན་བྱེད་ཐུབ་པར་དོ་སྣང་མ་བྱུང་། རིམ་པར་ཆོས་ཀྱི་བསམ་བློ་གཏིང་ཟབ་ཏུ་ཕྱིན་པའི་སྐབས་སུ་རྐྱེན་ངན་འཕྲད་སྐབས་གདོང་ལེན་བྱེད་པའི་སེམས་ཤུགས་ཆེན་པོ་སླེབས་ཀྱི་འདུག ངོས་ཀྱི་མི་ཚེ་འདིར་ཆོས་ཕྱོགས་ཀྱི་བསམ་བློ་ཡོད་པས་རྐྱེན་ངན་གང་འདྲ་ཞིག་ལ་འཕྲད་ཀྱང་། སེམས་ཤུགས་མ་ཆག་པར་བསྟན་པའི་ཞབས་འདེགས་ཚུལ་བཞིན་དུ་སྒྲུབ་བསམ་པའི་སྙིང་སྟོབས་སྐྱེ་ཡོང་གི་འདུག ངོས་རང་གི་ཉམས་མྱོང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ཆོས་ཕྱོགས་ཀྱི་བསམ་བློ་ནི་ཧ་ཅང་ནུས་པ་ཆེན་པོ་རེད། དེ་བཞིན་གཞན་ཕན་སྒྲུབ་པའི་སེམས་ཤུགས་བསྐྱེད་ནའང་ཕན་ཐོགས་ཆེན་པོ་འདུག འཛམ་གླིང་འདིར་འགྱུར་བ་གང་འདྲ་ཞིག་བྱུང་ཡང་སོ་སོའི་ངོས་ནས་ཆོས་ཕྱོགས་ལ་ཤུགས་རྒྱབ་ནས་སློབ་སྦྱོང་བྱེད་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་འདུག
ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་རེ་བཞིན་དུ་བསམ་བློ་ནན་ཏན་གཏོང་གི་ཡོད། བསམ་བློའི་ནང་དུ་སྟོང་ཉིད་ཀྱི་བསམ་བློ་བཏང་བས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བ་དང་། སྙིང་རྗེའི་བློ་བསྐྱེད་པའི་སྙིང་སྟོབས་གོང་ནས་གོང་དུ་འཕེལ་བར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་འདུག ངོས་རང་གི་ཉམས་མྱོང་གི་ཆ་ནས་ཕྱིའི་ལྟར་སྣང་གི་ཆོས་དད་ལ་དོ་སྣང་དེ་ཙམ་མེད་པ་ཞིག་ཡིན་པའི་སྐབས་སུ། ཆོས་དད་ཡོད་ན་སེམས་ཤུགས་གོང་ནས་གོང་དུ་འཕེལ་བ་དང་། ཚེ་འདི་དང་ཕྱི་མ། ཚེ་རབས་ནས་ཚེ་རབས་སུ་ཕན་ཐོགས་ཡོད། ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་ཆོས་པ་ཡིན། སངས་རྒྱས་ཀྱི་ཆོས་ཟེར་བ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་ཅེ་ན། སེམས་རྒྱུད་ཉོན་མོངས་ཀྱི་གཞན་དབང་དུ་མི་གཏོང་བར་དགེ་སེམས་དང་། ལྷག་པར་དུ་བྱང་ཆུབ་ཀྱི་སེམས་སོགས་དགེ་བའི་བློ་སྟོབས་ཆེན་པོའི་སེམས་གནས་ན་དངོས་གནས་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་དང་། སྤྱི་ཚོགས་ནང་ལ་ཡིན་ནའང་ཕན་ཐོགས་ཡོང་བ་ཞིག་རེད།
འདིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚང་མ་ཆོས་དད་ཤུགས་ཆེན་པོ་རེད། གལ་ཆེ་ཤོས་གང་རེད་ཟེར་ན། ང་ཚོས་དད་པ་བྱེད་སའི་ཆོས་འདི་ཅི་འདྲ་ཞིག་ཡིན་པ་ལ་དོ་སྣང་བྱེད་པ་དང་། སློབ་སྦྱོང་བྱེད་དགོས། འདིར་སྟོན་པའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་སྔོན་མ་བཞེངས་ཡོད་པ་རེད། སྟོན་པ་བཀའ་དྲིན་ཅན་དེས་ང་ཚོར་བསླབ་བྱ་ཅི་ལྟར་བརྒྱབ་ཡོད་པ་རྣམས་ཤེས་པར་བྱས་ཚེ་ཆོས་བྱེད་པའི་སྙིང་སྟོབས་སྐྱེས་པ་དང་། སྤོབས་པ་ལྡན་པར་ཕན་ཐོགས་ཆེན་པོ་འདུག ངོས་རང་ལ་མཚོན་ན་ཕ་ཡུལ་ས་ཐག་རིང་པོ་ནས་ཡོང་སྟེ་ཆུང་ཆུང་སྐབས་ནས་དཔེ་ཆར་བསླབ་པ་དང་། རིམ་པར་དུས་ལོག་ཡོང་བའི་སྐབས་སུ་སངས་རྒྱས་པའི་ཆོས་ཀྱི་ཞག་རྩི་མཐོང་ནས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་ཕན་ཐོགས་ཆེན་པོ་བྱུང་། དེར་བརྟེན། ང་ཚོའི་ཆོས་གྲོགས་ཚོར་མཚོན་ནའང་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་བྱུང་ན་མི་ཚེ་དོན་དང་ལྡན་པ་དང་། མི་ཚེ་སྐྱིད་པོ་ཏན་ཏན་ཡོང་གི་རེད། དེ་ནས་སྤྱི་ཚོགས་ལའང་ཞི་བདེ་དང་འཆམ་མཐུན་ཡག་པོ་ཞིག་ཡོང་ཐུབ། ཁྱོད་རང་ཚོར་ཆོས་དད་དང་མོས་པ་སྙིང་ཐག་པ་ནས་ཡོད་པ་དང་། དེ་ལྟ་བུའི་སློབ་མ་ཆོས་དད་ཅན་གྱི་རྐྱེན་གྱིས་ངོས་རང་ལ་མཚོན་ན། ཆུ་ཚོད་ ༢༤ རིང་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་སེམས་ལ་སྤོབས་པ་སླེབས་པ་དང་། སྙིང་རྗེ་སྐྱེས་པ། སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཆོས་རྣམས་སྣང་ལ་སྣང་བ་ལྟར་མི་བདེན་པ་དང་། དོན་གྱི་ངོས་ནས་མ་གྲུབ་པའི་ཆོས་ཚུལ་རྣམས་རྒྱུན་དུ་བློ་ལ་ཡོད་པ་ཞིག་ཡིན་པས་ཕན་ཐོགས་ཆེན་པོ་འདུག
དེ་རིང་འདིར་ཐུག་པའི་སྐབས་སུ་ཆབ་སྲིད་ཀྱི་དགའ་ཞེན་ལྟ་བུའི་ཐོག་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་། གཙོ་བོ་ཆོས་ཕྱོགས་ཀྱི་ཐོག་ནས་དད་པ་དང་སྨོན་ལམ་གྱི་ཤུགས་རྐྱེན་གྱིས་ང་ཚོ་འཛོམས་ཀྱི་ཡོད། ཆོས་ཕྱོགས་ཀྱི་བསམ་བློ་དེ་ལམ་དང་ལུགས་སྲོལ་ལྟ་བུ་མ་ཡིན་པར། བསམ་བློའི་ནང་སངས་རྒྱས་པའི་ཆོས་ཀྱི་ཞག་རྩི་ག་ཚོད་ཅིག་ཡོད་པ་རྣམས་སློབ་སྦྱོང་ཡག་པོ་བྱེད་པ་དང་། སློབ་སྦྱོང་བྱས་ཏེ་སེམས་གཏིང་ནས་བྲོ་བ་ལྟ་བུ་ཁ་བ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པའི་ཁྱད་པར་ཡོད། ཆོས་ཟེར་བ་ནི་ཕྱི་ལོགས་སུ་ཁྲ་ཁྲ་ཟང་ཟིང་བྱེད་པ་ཞིག་ལ་བསམ་བློ་བཏང་ན་ཆོས་ཀྱི་ཞག་རྩི་ཐོན་གྱི་མེད། སེམས་ཀྱི་གཏིང་ནས་ཆོས་ཀྱི་གནས་སྟངས་ཤེས་པར་བྱས་ཏེ་བསམ་བློ་བཏང་བ་ཡིན་ན་སེམས་ཞི་ཞིང་དུལ་བ་དང་། ཞུམ་པ་མེད་པའི་སྙིང་སྟོབས་རྒྱུན་དུ་སྐྱེས་པ་ཞིག་ཡོང་གི་རེད། དེའི་རྐྱེན་གྱིས་ཚང་མར་ཆོས་ཕྱོགས་ལ་དོ་སྣང་ཡོད་པ་རེད་ལ། ད་དུང་ཡང་ཆོས་ཕྱོགས་ཀྱི་གནས་སྟངས་ལ་སློབ་སྦྱོང་བྱས་ཏེ་སེམས་གཏིང་ནས་ངེས་པ་ཐོབ་པ་ཞིག་བྱེད་ན་ཧ་ཅང་ཕན་ཐོགས་ཡོང་གི་རེད།
ཁྱོད་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཕལ་ཆེ་བ་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་པ་ནི་ཧ་ཅང་ཡག་པོ་རེད། ད་དུང་ཡང་སངས་རྒྱས་པའི་ཆོས་འདི་ཅི་འདྲ་ཞིག་ཡིན་པ་དང་། སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་དེའི་མཇུག་གནོན་གནང་ནས་ལུང་རྟོགས་ཀྱི་ཆོས་རྒྱ་ཆེར་དར་བ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་སངས་རྒྱས་པའི་ཆོས་ཐབས་དང་ཤེས་རབ་ཡ་མ་བྲལ་བར་ཟུང་དུ་འབྲེལ་ཞིང་། ཇི་ཙམ་གྱིས་དཔྱད་པ་བྱས་པ་དེའི་ཚོད་ཀྱིས་ཡིད་ཆེས་དང་སྙིང་སྟོབས་སླེབས་པ་ཧ་ཅང་ཡག་པོ་ཞིག་ཡོད། ཁྱོད་ཚོ་ཆོས་གྲོགས་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་སྤྱི་ཚོགས་ལ་ཕན་པ་དང་། རང་ཉིད་སྒེར་ལ་མཚོན་ནའང་ལྟོ་གོས་ཀྱི་འགྲོ་སྟངས་སོགས་ལའང་སེམས་ལྷོད་ལྷོད་ཆགས་ནས་ཕན་ཐོགས་ཡོད། དེ་རིང་སྐབས་སུ་བབ་པ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་ཞིག་འདོན་རོགས་ཞེས་རེ་འདུན་བྱུང་བ་རེད། འགྲེལ་བཤད་ཞིབ་ཕྲ་དགོས་དོན་མི་འདུག ཅེས་བཀའ་སློབ་སྩལ་རྗེས། ལམ་གཙོ་རྣམ་གསུམ་གྱི་ཐོག་མར་མཆོད་པར་བརྗོད་པ་ནས་ངེས་འབྱུང་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་བཀའ་སློབ་དང་འབྲེལ་ལམ་གཙོའི་བཤད་ལུང་ལེགས་པར་སྩལ་བ་དང་། དེ་རྗེས་སེམས་བསྐྱེད་པའི་སྔོན་ལ་ཚོགས་བསགས་སྒྲིབ་སྦྱོང་གི་བློ་ཡག་པོ་ཞིག་བསྐྱེད་དགོས་པ་ཡིན་ཞེས་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་སྩལ་དང་འབྲེལ་བའི་བཀའ་སློབ་དང་། སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་པ་དང་། མཐར་ཐུབ་པའི་མཚན་སྔགས་དང་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས། སྨན་བླའི་གཟུངས་སྔགས། སློབ་དཔོན་གྱི་མཚན་སྔགས། དམིགས་བརྩེ་མ་བཅས་ཀྱི་བཟླས་ལུང་བཀའ་དྲིན་སྩལ་བ་དང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་དང་། དད་ལྡན་ཆོས་ཞུ་བ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད། ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་སོགས་གསུངས་འདོན་གྲུབ་རྗེས་ཟངས་དཀར་ཁུལ་གྱི་ཆོས་འབྲེལ་གནང་སྒོ་རེ་ཞིག་ལེགས་པར་གྲུབ་ཡོད་པ་དང་། ཚེས་ ༢༦ ཉིན་ཟངས་དཀར་ནས་ལ་དྭགས་ཀྱི་གླེ་རུ་ཡོད་པའི་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཅས།