༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་གཞུང་གི་འབྲེལ་ཡོད་ལས་བྱེད་དང་། ཤྲི་ལངྒ། ཨི་ཟི་རལ། རཱ་ཤི་ཡ། བྷེལ་ཇམ། ཌན་མག ཧྥ་རན་སི། འཇར་མན། ལྷོ་ཀོ་རི་ཡ་བཅས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་དང་། དེ་བཞིན་ལ་དྭགས་ཀྱི་སློབ་ཕྲུག་གིས་གཙོས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་བཅལ་བཅར་བ་སུམ་བརྒྱ་དགུ་བཅུ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད།

དད་ལྡན་མཇལ་བཅར་བ་རྣམས་ཀྱིས་མཇལ་ཁ་དང་འབྲེལ་དོགས་གནས་སྣ་ཚོགས་བཀའ་འདྲི་ཞུས་པར་རིམ་བཞིན་བཀའ་ལན་སྩལ་ཡོད་པ་དང་། དེ་ཡང་མི་ཚེ་སྐྱིད་པོ་ཡོང་སྟངས་སྐོར་ལ་བཀའ་འདྲི་ཞུས་པར། སེམས་ལ་ཞི་བདེ་ཡོད་ན་སྐྱིད་པོ་ཡོང་གི་རེད། སེམས་ལ་ཞི་བདེ་མེད་པར་དངངས་སྐྲག་ཡོད་ན་སྐྱིད་པོ་མེད་པས་ཞི་བདེ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། བདེ་སྐྱིད་ཀྱི་རྩ་བ་ཅི་ཞིག་ཡིན་པར་བཀའ་ལན་དུ། བརྩེ་བ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། ཅེས་བཀའ་ལན་སྩལ་ཡོད།
གཞན་ཡང་། ནང་པའི་རྗེས་འཇུག་གི་དད་པའི་སྐོར་ལ་བཀའ་འདྲི་ཞུས་པར། ནང་ཆོས་ཀྱིས་གཞི་ཡི་གནས་ཚུལ། ལམ་གྱི་གནས་ཚུལ། འབྲས་བུའི་གནས་ཚུལ་ཞེས་བཤད་བཞིན་ཡོད། གཞི་དངོས་པོའི་གནས་ཚུལ་ཅི་ཞིག་ཡོད་པ་དེ་ལ་ཞིབ་འཇུག་བྱས་ཏེ། དེའི་ནང་ནས་སྐྱོན་དང་ཡོན་ཏན་གྱི་དབྱེ་བ་ཕྱེས་ནས་ཉམས་སུ་ལེན་པའི་སྡེ་ཚན་གཅིག་དང་། དོར་བའི་སྡེ་ཚན་གཅིག་བཅས་བླང་དོར་བྱེད་བཞིན་ཡོད། མཐར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གོ་འཕང་ཅི་ལྟར་བརྙེས་པ་བཞིན་སྒྲུབ་པའི་འགྲོ་སྟངས་དེ་ལྟར་རེད། ཅེས་བཀའ་སྩལ་བ་དང་།

སློབ་ཕྲུག་ཅིག་གིས་སློབ་སྦྱོང་སྐབས་སློབ་གྲོགས་ཕན་ཚུན་དབར་འགྲན་བསྡུར་གྱིས་མ་སྐྱིད་པ་ཡོང་གི་འདུག་པ་༸སྙན་སེང་ཞུས་པར། འགྲན་བསྡུར་བྱེད་པ་ནི། དཔེར་ན། ངོས་རང་དཔེ་ཆར་བལྟ་བའི་སྐབས་སུ་ཡང་འགྲན་བསྡུར་བྱེད་པ་ཡོང་གི་འདུག དེ་ཀུན་སློང་མ་དག་པ་བྱེད་ཀྱི་ཡོད་པ་མ་རེད། ཀུན་ལ་ཕན་ཞིང་ཡག་པོ་ཞིག་ཡོང་ན་བསམ་ནས་འགྲན་བསྡུར་བྱེད་ཀྱི་ཡོད། འགྲན་བསྡུར་ལ་རིགས་མི་འདྲ་བ་འདུག ཅེས་དང་། ནམ་རྒྱུན་སེམས་ནང་ཅི་ཞིག་ཉར་དགོས་སྐོར་བཀའ་འདྲི་ཞུས་པར། སེམས་པ་བཟང་པོ་དང་སྤྱི་སེམས་འཁྱེར་དགོས་པའི་ལམ་སྟོན་སྩལ་བ་དང་།
ཡང་མཇལ་བཅར་བ་ཞིག་གིས་མི་ཤི་བའི་དུས་སུ་སེམས་མུ་མཐུད་དུ་འགྲོ་གི་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། དེ་འགྲོ་གི་ཡོད། དཔེར་ན། ངོས་ཀྱི་སེམས་འདི་༸རྒྱལ་དབང་གོང་མ་ཚོའི་སེམས་ཀྱི་རྒྱུན་ཆགས་ཡོད། ལུས་ཁ་ཁ་རེད། ཅེས་སོགས་བཀའ་སློབ་བཀའ་དྲིན་སྩལ་རྗེས། ཟངས་དཀར་ནང་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཟངས་དཀར་གྱི་ཕོ་བྲང་བསྐྱར་བཞེངས་གནང་འཆར་སྐོར་༸སྙན་སེང་དང་། མགོན་པོ་གང་ཉིད་མཆོག་གིས་ཕོ་བྲང་གསར་བཞེངས་ཀྱི་རྨང་རྡོ་ལ་རབ་གནས་བྱིན་རླབས་མཛད་ཡོད།










