༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དུ་ལ་དྭགས་ཡུལ་མི་དང་། བོད། ཐའེ་ཝན། ལྷོ་ཀོ་རུ་ཡ། མ་ལེ་ཤི་ཡ། ཐའེ་ལན་ཌི། སིངྒ་པོར། ཨིན་དྷི་ནི་ཤི་ཡ། རྒྱ་གར་བཅས་ཀྱི་དད་ལྡན་མཇལ་བ་ཉིས་བརྒྱ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད།

མཇལ་ཁའི་སྐབས་སུ་དད་ལྡན་མི་མང་གིས་སོ་སོའི་བསམ་བློ་དང་། ཤེས་ཡོན། འཚོ་བའི་ཁྲོད་ཀྱི་དཀའ་ངལ་སོགས་ཀྱིས་མཚོན་པའི་དོགས་པ་མང་པོའི་ཐད་བཀའ་འདྲི་སྣ་ཚོགས་ཞུས་པར་༸གོང་ས་མཆོག་གིས་ལམ་སྟོན་བཀའ་ལན་བཀའ་དྲིན་སྩལ་ཡོད། སྐབས་དེར་མཇལ་བཅར་བ་ཞིག་གིས་སློབ་སྦྱོང་སྐབས་སུ་སེམས་གཡེང་ནས་རྣལ་དུ་མི་གནས་པས་ཆོས་ཕྱོགས་ནས་ཅི་བྱེད་དགོས་པ་བཀའ་འདྲི་ཞུས་པར་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་ཕན་ཐོགས་ཡོད་པར་བཀའ་སྩལ་བ་དང་། ཡང་མཇལ་བཅར་བ་ཞིག་གིས་མི་ཚེའི་ནང་གལ་ཆེ་ཤོས་གང་ཡིན། ཞེས་ཞུས་པར། ༸གོང་ས་མཆོག་གིས། སེམས་པ་བཟང་པོ་བྱེད་དགོས་པ་དེ་རེད། ཅེས་བཀའ་གནང་ཡོད། མཇལ་བཅར་བ་ཞིག་ལ་དུས་རྒྱུན་སེམས་ཧ་ཅང་འཁྲུག་ནས་ཁོང་ཁྲོ་ཟ་ཆོག་ཆོག་ཡོད་འདུག་པར་བརྩེ་བ་ཡོད་ན་རླུང་ཡོད་ཀྱང་། ཡུན་རིང་པོར་སྡོད་ཀྱི་མ་རེད། ཅེས་ལམ་སྟོན་བཀའ་དྲིན་སྩལ་ཡོད།

གཞན་ཡང་། མཇལ་ཁ་ཞུ་མཁན་ཞིག་གིས་དེང་གི་དུས་སུ་གཞོན་སྐྱེས་ཚོས་བདེ་སྐྱིད་ཡོང་བའི་ཆེད་དུ་ཕྱིའི་དངོས་པོ་ཁོ་ན་ལ་བསམ་བློ་གཏོང་གི་ཡོད་པས། ནང་བསམ་པའི་ཐོག་ནས་བདེ་སྐྱིད་ཡོང་བར་ཅི་ལྟར་བསམ་བློ་གཏོང་དགོས་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས། དེང་རབས་སློབ་གསོ་ནི་སྤྱིར་བཏང་ཕྱི་ལོག་གི་གནས་ཚུལ་རྐྱང་པ་མ་གཏོགས་བསམ་བློའི་སྐོར་བཤད་ཀྱི་མི་འདུག འོན་ཀྱང་། ངོས་ཀྱིས་ངོ་ཤེས་པའི་ནང་སེམས་ཡར་རྒྱས་གཏོང་བའི་སྐོར་ལ་སྐད་ཆ་བཤད་མཁན་མང་པོ་ཡོང་གི་འདུག དེ་སྔ་འཛམ་བུ་གླིང་གི་ཕྱིའི་སྐོར་རྐྱང་ཤོད་སྡོད་མཁན་གྱི་ནང་དུའང་རིམ་བཞིན་ནང་བསམ་བློའི་བརྩེ་བའི་སྐོར་ལ་དོ་སྣང་སླེབས་བཞིན་འདུག ཅེས་དང་། སོ་སོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། གཞན་ཚོའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་རེད་བསམ་ན་བརྩེ་བ་བྱེད་པ་ཡོང་གི་རེད། ང་ཚོ་ཆུང་ཆུང་སྐབས་ནས་ཨ་མས་བརྩེ་བ་བྱེད་པ་བཞིན་རེད། ཨ་མས་ཕྲུ་གུ་ལ་བརྩེ་བ་བྱེད་པ་ནི་སློབ་སྦྱོང་སྤྲད་པ་གང་ཡང་མ་རེད། རང་བཞིན་གྱིས་བརྩེ་བ་སླེབས་བཞིན་འདུག བརྩེ་བ་དེ་རྒྱ་ཆེ་རུ་བཏང་ནས་ཕྱིན་པ་ཡིན་ན། དཔེར་ན། ངོས་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་བརྩེ་བའི་བསམ་བློ་རྒྱ་ཆེན་པོ་ཡོང་གི་འདུག ཅེས་གཞན་ལ་བྱམས་དང་སྙིང་རྗེ་ཡོང་ཆེད་ཅི་བྱ་དགོས་སྐོར་ལམ་སྟོན་བཀའ་དྲིན་སྩལ་ཡོད།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བའི་ཁྲོད་ཀྱི་གཞོན་སྐྱེས་བྱིས་པ་རྣམས་ལ། རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས་ཨ་ར་པ་ཙ་བགྲང་ན་རིག་པ་ཡག་ཏུ་འགྲོ་བར་ཕན་གྱི་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ཀྱང་སྐུ་ན་གཞོན་པའི་སྐབས་སུ་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས་ཨ་ར་པ་ཙ་བགྲངས་ཡོད་སྐོར་བཀའ་སྩལ་བ་དང་། ཨ་རིའི་ཀོ་ལོ་རོ་ཌོ་ (Colorado) ནས་སླེབས་པའི་ཡུལ་དེའི་བོད་རིགས་གཞོན་སྐྱེས་ཚོའི་གཟའ་མཇུག་སློབ་གྲྭའི་སློབ་གཙོ་ཡིས་སློབ་གྲྭར་མིང་ཞིག་གསོལ་རས་ཞུས་པར། སྤྱི་ནོར་༸གོང་ས་མཆོག་གིས་སློབ་གྲྭ་དེའི་མིང་ལ། “ཀ་རུ་ཎ་” (Karuna)ཞེས་བཏགས་བཞག་ན་ལེགས་པའི་བཀའ་སྩལ་ཞིང་། མཐར་སྨན་ཞབས་མ་ཞིག་གིས་དུས་རྒྱུན་༸གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཅིངས་ནས་ནད་པར་ལྟ་སྐྱོང་བྱེད་བཞིན་ཡོད་པས་ཧ་ཅང་ཕན་ཐོགས་འདུག་ཅེས་ཐུགས་རྗེ་ཆེ་ཞུས་པར། ༸གོང་ས་མཆོག་གིས་བྱམས་བརྩེ་སྒོམ་ནས་ནད་པར་སྨན་བཅོས་བྱས་ན་ཧ་ཅང་ཡག་པོ་ཡོང་གི་རེད། ཅེས་བཀའ་སློབ་བཀའ་དྲིན་སྩལ་ཡོད།










