༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ས་ཕྱོགས་གང་ས་ནས་མ་སྐུལ་དྭང་བླངས་ཀྱིས་འཚམས་འདྲི་ཞུས་པར་ཐུགས་དགྱེས་ཚོར་དང་སྦྲགས། ཚེས་ ༨ ཉིན་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཛད་པའི་གསུང་འཕྲིན་གནང་བའི་ནང་འཁོད་དོན། ངོས་ཀྱི་སྐྱེས་སྐར་ཉིན་འཚམས་འཕྲིན་ཞུས་མཁན་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་གླེ་རུ་མི་མང་ལ་ཞུས་པ་ལྟར། ངོས་རང་གི་མི་ཚེ་ལ་ཕྱིར་མིག་བལྟས་ན་ཉམས་ལེན་གྱི་གཙོ་བོ་ནི་གཞན་ཕན་བསྒྲུབ་རྒྱུ་དེ་ཡིན་པ་མཐོང་གི་འདུག ངོས་ནས་ཉིན་ལྟར་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད།
ངོས་ཀྱི་མི་ཚེའི་སྙིང་པོ་ནི་བྱམས་དང་སྙིང་རྗེ་གོང་འཕེལ་གཏོང་རྒྱུ་དེ་ཡིན། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྒྱུར་བར་ཀུན་སློང་དེ་འདྲ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ངོས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་མི་རབས་རྒན་གཞོན་ཚང་མས་གཞན་གྱི་བདེ་དོན་ལ་དམིགས་ནས་སེམས་བཟང་པོ་དང་། བྱམས་བརྩེ་ཉམས་ལེན་བྱ་རྒྱུར་སྐུལ་མ་བྱེད་ཀྱི་ཡོད། དེ་ལྟ་བུའི་ཉམས་ལེན་གནང་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་པ་ཞིག་ལ་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་འཁོད་ཡོད།
མཐར་མགོན་པོ་མཆོག་གིས་ཟླ་བ་སྔོན་མའི་ནང་ལྡི་ལིར་ཞབས་པུས་གཡོན་མ་སྨན་བཅོས་ལེགས་པར་གྲུབ་རྗེས་ལ་དྭགས་སུ་དྲག་སྐྱེད་སླད་སྐུ་ལྷོད་མཛད་བཞིན་ཡོད་པ་དང་། སྔར་བཞིན་ལ་དྭགས་སུ་ལོ་འདིའི་དུས་ཚིགས་ཀྱི་གནམ་གཤིས་འདི་བཞིན་༸སྐུའི་འཕྲོད་བཞེས་དང་འཚམ་པོ་ཡོད་སྟབས། ད་དུང་བདུན་ཕྲག་ཁ་ཤས་རིང་ལ་དྭགས་སུ་སྐུ་བཞུགས་མཛད་འཆར་ཡོད་པ་བཀའ་སྩལ་ཡོད།










