༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་གླེ་ཡི་ཞི་བའི་ཚལ་དུས་དབང་གསུང་ཆོས་ར་བར་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕོ་བྲང་དགེ་འཕེལ་གླིང་ནས་སྤོས་སྣེས་མདུན་བསུ་དང་བཅས་ཞི་བའི་ཚལ་གྱི་དུས་འཁོར་ལྷ་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་ཞྭ་སེར་བསྟན་པའི་མཛེས་རྒྱན་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་འབྲེལ་རྒྱུན་ཆགས་གསུམ་པ་སོགས་ཞལ་འདོན་གསུང་མུར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཤིང་། སྤྱན་འདྲེན་ཁྲུས་གསོལ་སོགས་མདོ་ལུགས་ཀྱི་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་ཕེབས། གསོལ་འདེབས་མནྜལ་སྐབས་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་དང་དགོན་པ་ཚོགས་པའི་ཚོགས་གཙོ་གཉིས་ནས་མནྜལ་ཚོམ་བུ་ཟུར་འདེགས་དང་། བརྟན་བཞུགས་ཀྱི་དབུ་བཞུགས་ཁྲིག་རྩེ་རིན་པོ་ཆེ་མཆོག་སྐུ་བཞེངས་ཀྱིས་མཎྜལ། སྐུ་རྟེན། གསུང་རྟེན། ཐུགས་རྟེན། ན་བཟའ་སྣམ་སྦྱར། བླ་གོས། ཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། མཁར་བསིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་བཅས་རིམ་འབུལ་གྱིས་མཐར་མཇལ་ཁ་ཞུས་ཤིང་། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་མུར་འབུལ་དངོས་སྤྱན་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ས་ཁུལ་འདིའི་མི་མང་སྤྱི་དང་བྱེ་བྲག་ཏུ་ཕྱོགས་མཐའ་ནས་འདུས་པའི་སེར་སྐྱ་མི་མང་རྣམས་དད་པ་དང་དམ་ཚིག་གཡོ་བ་མེད་པར་འདིར་བརྟན་བཞུགས་གནང་བཞིན་པ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་དང་གཅིག་པ་ཚང་མ་དེ་རིང་འདིར་ཆེད་མངགས་འདུས་ཏེ་ཐུན་མོང་གི་ཐོག་ནས་བརྟན་བཞུགས་ཕུལ་བཞིན་པ་རེད། ངོས་ལ་ཆ་གཞག་ན་མདོ་སྨད་ནས་སྐྱེས་ཤིང་། དབུས་གཙང་དུ་སླེབས་ནས་གངས་ལྗོངས་ཀྱི་ལྷ་མི་ཀུན་གྱིས་གཅིག་ཏུ་ཡིད་ཆེས་དང་། དད་པའི་ཐོག་ནས་བོད་ཀྱི་ལྷ་མི་ཡོངས་རྫོགས་ཀྱི་རེ་འདུན་སྒྲུབ་པའི་ལས་འགན་འཁུར་བ་རེད། ད་ལྟའི་བར་དུ་རྐྱེན་ངན་ཇི་འདྲ་ཞིག་བྱུང་ནའང་། གང་ལྟར་རྐྱེན་ངན་རུ་འཛིང་བའི་འོག་ནས་ངོས་ཀྱིས་མི་ཚེ་བསྐྱལ་བ་རེད། གངས་ལྗོངས་ཀྱི་དྲེགས་པའི་དེད་དཔོན་གནས་ཆུང་ཆོས་རྒྱལ་ཆེན་པོས་མཚོན་དམ་ཚིག་ཅན་གྱི་སྲུང་མ་ཚོ་དངོས་སུ་ལྷ་ཞུགས་པ་དང་། གང་ལྟར་ངོས་ཀྱིས་བོད་གངས་ཅན་གྱི་དོན་དག་བསྒྲུབ་པ་དེ་ལྷ་མི་ཟུང་འབྲེལ་ལྟ་བུ་བྱུང་ཡོད། ལོ་ཡུན་མང་པོའི་རིང་ངོས་རང་གཙོ་བོ་ལྷ་སར་བསྡད་པ་དང་། རྩེ་ཕོ་བྲང་དང་ནོར་བུ་གླིང་གར་བསྡད་ནས་བོད་གངས་ཅན་གྱི་དོན་དག་སྒྲུབ་པ་ལ་ཁུར་གཙོ་བོ་བླངས་པ་རེད། ད་ལྟའི་བར་དུ་ངོས་ཀྱིས་ལྷག་བསམ་རྣམ་དག་གིས་བོད་ཀྱི་བསྟན་སྲིད་ཀྱི་དོན་ལ་འཇིག་རྟེན་ལས་འདས་པའི་ལྷ་སྲུང་ཚོར་སྐུལ་བ་དང་། དེ་བཞིན་འཇིག་རྟེན་པའི་དྲེགས་པ་ཚོར་ཡང་སྐུལ་མ་བྱེད་པ་སོགས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དཀར་ཕྱོགས་སྐྱོང་བའི་བོད་གངས་ཅན་ལྗོངས་ཀྱི་ལྷ་སྲུང་ཚོར་ལྷག་བསམ་རྣམ་དག་གིས་འཕྲིན་ལས་གཉེར་གཏད་བྱས་པ་དང་། དེ་དག་གིས་ཀྱང་ཧུར་ཐག་འབད་ཐག་བྱས་སོང་།
ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བསྡུས་ར་དང་ཚད་མའི་གཞུང་། དབུ་མའི་གཞུང་། མཛོད་འདུལ་བཅས་སྦྱང་བ་ཡིན། མཛོད་ལ་དེ་ཙམ་རང་དོ་སྣང་བྱས་མེད། མཛོད་ཀྱིས་རི་རབ་གླིང་བཞི་གླིང་ཕྲན་གསུངས་པ་རྣམས་ལ་ངོས་རང་ཐེ་ཚོམ་ཡོད། དེར་བརྟེན། མཛོད་ལ་དེ་ཙམ་དོ་སྣང་བྱས་མེད། གང་ལྟར་དབུ་ཚད་ཀྱི་གཞུང་རྣམས་ཧ་ཅང་ཡག་པོ་རེད། ལྷག་དོན་དུ་ང་ཚོའི་ནང་དོན་རིག་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་གསུངས་པ་ལས་དེང་སང་ཚན་རིག་པ་ཚོས་ཀྱང་ལེགས་ཆ་མང་པོ་བླངས་ནས་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད།
བོད་ལ་བསྡད་པའི་རིང་རྐྱེན་ངན་མང་པོ་ཤར་བ་དང་། ངོས་རང་མའོ་ཙེ་ཏུང་ལ་ཚར་མང་པོ་ཐུག་པ་ཡིན། ངེད་གཉིས་འཆམ་པོ་ཡོད། ཡིན་ནའང་། ལྟ་གྲུབ་མི་འདྲ་བ་ཆགས་པའི་ཐོག་ནས་བོད་ལའང་རྐྱེན་ངན་བྱུང་ཞིང་། ངོས་རང་བོད་ནས་ཐོན་དགོས་པ་ཞིག་བྱུང་ཡང་། བློ་བདེ་བོའི་ངང་ནས་རྒྱ་གར་དུ་འབྱོར། ལོ་འདིའི་རིང་བསྟན་པའི་ཞབས་འདེགས་སྒྲུབ་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཙམ་མ་ཡིན་པར་འཛམ་གླིང་གང་སར། ཏཱ་ལའི་བླ་མ་ཟེར་དུས་འཛམ་གླིང་འདིར་དམིགས་བསལ་གྱི་འགོ་ཁྲིད་(Special Leader)ཅིག་ལ་བརྩི་བཞིན་ཡོད། ཆོས་དད་ཡོད་མེད་དང་སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་རང་བཞིན་ལྷན་སྐྱེས་ཀྱིས་ངོས་རང་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ན་ངོས་རང་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་རེད། ངོས་རང་མི་ཚེ་འཚོ་བའི་རིང་འདི་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཡོང་བ་ཞིག་ལ་སྨོན་ལམ་ཞུ་བཞིན་ཡོད། ཅེས་དང་།
དེ་རིང་འདིར་འདུས་ཚོགས་རྒྱ་ཆེན་པོ་བྱས་ཏེ་འཛོམས་འདུག ཁྱོད་ཚོ་ཚང་མས་ངོས་ཀྱི་ཆོས་སྲིད་ཀྱི་ལས་དོན་གང་བསྒྲུབས་པ་ལ་སེམས་ནས་ཡིད་མོས་དང་། དགའ་སྤྲོ་བྱས་ཏེ་༸རྒྱལ་དབང་ལ་བརྟན་བཞུགས་ཕུལ་བར་རྒྱ་ཆེན་པོ་འཛོམས་ནས་སྨོན་ལམ་བརྒྱབ་པ་རེད། ངོས་ལ་ཆ་གཞག་ནའང་ཇི་ལྟར་ཁྱོད་རང་ཚོས་སྨོན་ལམ་བརྒྱབ་པ་བཞིན་མི་ཚེ་འདིར་རེ་འདུན་རྣམས་འགྲུབ་ཐུབ་པ་ཞིག་ལ་སྨོན་ལམ་རྒྱག་གི་ཡིན། ཁྱོད་ཚོ་ཚང་མས་དེ་རིང་འདིར་བརྟན་བཞུགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བརྟན་བཞུགས་ཀྱི་སྨོན་ལམ་ཇི་ལྟར་བརྒྱབ་པ་དེ་དེ་བཞིན་དུ་བདེ་ལེགས་སུ་འགྲུབ་ཐུབ་པ་ལ་ངོས་ནས་ཀྱང་སྨོན་ལམ་རྒྱག་གི་ཡིན། ཚང་མ་བློ་བདེ་བོར་བཞུགས། ཞེས་དང་།
གནས་ཚུལ་ངོ་མཚར་ཆེ་བ་ཞིག་ལ། དེང་སང་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་སླེབས་ཡོང་གི་འདུག རྒྱ་ནག་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་རེད། དེ་སྔ་ཡིན་ན་ཏཱ་ལའི་ལོག་སྤྱོད་པ་ཞེས་དགའ་རབ་ངན་དམོད་བརྗོད་པ་ཞིག་རེད་དེ། དེང་སང་ག་ལེར་འགྱུར་བ་འགྲོ་བཞིན་འདུག ངོས་རང་གིས་མི་སུ་གཅིག་ལ་སྡང་སེམས་དང་། གནོད་སེམས་བཅིངས་པ་ཁྱོན་ནས་མེད། ལོ་རྒྱུས་ཀྱི་ཐོག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་བོད་དབར་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད། རྒྱ་ནག་མི་མང་རྣམས་ནང་ཆོས་ལ་དོ་སྣང་ཡོད་པ་དེ་ཇི་ལྟར་དོ་སྣང་བྱས་པ་བཞིན་རིམ་བཞིན་སངས་རྒྱས་པའི་ཆོས་ཤུགས་ཆེན་པོ་དར་ཐུབ་པ་ཞིག་རེད། དེའི་ཐོག་ལ་ངོས་ནས་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུ་ག་ཚོད་ཡོད་པ་དེ་དགའ་བཞིན་སྤྲོ་བཞིན་སྒྲུབ་ཀྱི་རེད། ངོས་རང་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་ནུས་པ་འདོན་པ་ལ་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། རིམ་བཞིན་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་ནག་ཏུ་སངས་རྒྱས་ཀྱི་ཟབ་རྒྱས་ཀྱི་ཆོས་འདི་ཡག་པོ་ཞིག་དར་ནས་སྤྱི་ཡོངས་ཀྱི་ཆ་ནས་ཞི་བདེ་ལྷིང་འཇགས་ཡག་པོ་ཞིག་ཡོང་ཐབས་དང་། བྱེ་བྲག་ཏུ་ང་ཚོའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་འདི་དག་གི་མི་མང་ཚང་མ་སྡོད་བཟོད་བདེ་བོ་ཞིག་དང་། རྒྱ་བོད་ས་མཚམས་ཀྱི་རྙོག་དྲ་རིམ་པས་འཇགས་ནས་ཞི་བདེ་ལྷིང་འཇགས་ཡག་པོ་ཡོང་ཐུབ་པར་རེ་བ་རྒྱག་གི་ཡོད་ལ། ཕལ་ཆེར་དེ་འགྲུབ་པའི་ཟོལ་འདུག
དེ་རིང་ས་གནས་འདིར་ཁྱོད་ཚོ་མི་མང་རྣམས་དད་པ་དང་འདུན་པ་གཅིག་སྒྲིལ་གྱི་ཐོག་ནས་འཛོམས་ཏེ་ངོས་ལ་བརྟན་བཞུགས་གནང་བ་རེད། ངོས་ལ་ཆ་གཞག་ན་ལོ་བརྒྱ་ཕྲག་བར་དུ་འཚོ་བའི་སྨོན་ལམ་རྒྱག་གི་ཡིན་ལ་སེམས་ཤུགས་བསྐྱེད་དེ་སྡོད་ཀྱི་ཡིན། ཐུགས་རྗེ་ཆེ། ཁྱོད་རང་ཚོས་གྲ་སྒྲིག་ཡོད་པའི་ཞབས་གཞས་གཏོང་རྒྱུ་ཡོད་ན་ད་ལྟ་བཏང་བ་ཡིན་ན་ཚང་མ་དགའ་བའི་གླུ་ལེན་པ་ཟེར་བ་དེ་ཆགས་ཀྱི་ཡོད། ཞབས་གཞས་བཏང་ཞོག ཅེས་བཀའ་སློབ་སྩལ་རྗེས་ལ་དྭགས་ཡུལ་སྐད་དུ་གཞས་པ་གཞས་མ་ཁག་གིས་མགོན་པོ་མཆོག་ལ་བསྟོད་ཅིང་སྐུ་ཚེ་བརྟན་པའི་གསུང་གཞས་གཟིགས་འབུལ་དང་། ལ་དྭགས་བསོད་གླིང་གཞས་པ་གཞས་མ་སྐོར་ཞིག་གིས་མགོན་པོ་གང་ཉིད་མཆོག་དགུང་ལོ་དགུ་བཅུ་བཞེས་པའི་སྐུའི་གོ་སྟོན་རྟེན་འབྲེལ་དུ་གསུང་གཞས་གཟིགས་འབུལ་ཞུས་རྗེས། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་དང་། ནང་ཚོགས་ཚོགས་གཙོ་དང་ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་སོགས་ནས་མཇལ་ཁ་ཞུས་རྗེས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་སྟེ། རིས་མེད་བསྟན་རྒྱས་སྨོན་ལམ་སོགས་གསུང་འདོན་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས་ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད།