༄༅། །ཕྱི་ལོ་༢༠༢༥ ཟླ་ ༨ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་དབུས་འཛིན་མངའ་ཁུལ་(Union territory)དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཟུང་འབྲེལ་གྱིས་ཤེལ་གྱི་སེང་གེ་གཙང་པོའི་ཉེ་འགྲམ་སིན་དྷུ་གྷཱ་ཊ་ཞེས་པར་ཆེ་བསྟོད་ཀྱི་གསོལ་ཚིགས་སྟོན་འདེགས་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཞོགས་པའི་ཆུ་ཚོད་༨།༣༠ ནས་ཆུ་ཚོད་གཅིག་རིང་ལ་དྭགས་ཀྱི་དད་ལྡན་སེར་སྐྱ་མི་མང་ལྔ་བརྒྱ་བརྒལ་བར་མཇལ་ཁ་སྩལ་བ་དང་། ཆུ་ཚོད་༡༠།༤༥ ཐོག་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཆིབས་འཁོར་བརྒྱུད་ཤེལ་གྱི་སེང་གེ་གཙང་པོའི་འགྲམ་བརྒྱུད་སིན་དྷུ་གྷཱ་ཊ་(Sindhu Ghat)ཅེས་པར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་དང་། སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་ལགས། དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག ཁྲིག་རྩེ་རིན་པོ་ཆེ། དཀྱིལ་ཁང་རིན་པོ་ཆེ། སྒོ་མང་མཁན་ཟུར་རིན་པོ་ཆེ་སོགས་ཀྱིས་གཙོས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་ལྷན་ཁང་གི་འགོ་ཁྲིད་དང་གནད་ཡོད་མི་སྣ། ལས་བྱེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་དང་བཅས་སྡིངས་ཆའི་ཞབས་སྟེགས་སུ་འཁོད་མཚམས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ལ་དྭགས་ཀྱི་ན་གཞོན་ཕོ་མོ་ཁག་ཅིག་གིས་བསྟོད་གཞས་གཟིགས་འབུལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་དང་འབྲེལ་བའི་འཁྲབ་གཞས་ཟློས་གར་གཟིགས་འབུལ་ཞུས་རྗེས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་སོགས་དཔོན་རིགས་ཁག་གིས་༸གོང་ས་མཆོག་ལ་འབུལ་སྐྱེས་འདེགས་འབུལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་གྲོགས་པོ་རྣམ་པ་ཚོར་ཞུ་རྒྱུར། ས་གནས་འདིར་ཁྱོད་ཚོས་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུའི་མཛད་སྒོ་འཚོགས་པ་རེད། ཕར་ཕྱོགས་ཏོག་ཏུ་ཐུབ་དབང་གི་སྐུ་ཆེན་པོ་ཞིག་ཡོད་པ་དེས་འདིར་གཟིགས་བཞིན་པ་ཞིག་ངོས་ཀྱིས་མཐོང་ཡོང་གི་འདུག གང་ལྟར་ངོས་རང་ལ་ཆ་གཞག་ན་སྟོན་པ་བཀའ་དྲིན་ཅན་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཤིག་ཡིན། སངས་རྒྱས་པའི་ཆོས་འདི་འཛམ་གླིང་འདིར་དེ་སྔ་མ་ཁྱབ་པའི་ས་ཆ་ལའང་ཁྱབ་བཞིན་ཡོད། སངས་རྒྱས་པའི་ཆོས་ཀྱི་བསླབ་བྱའི་སྙིང་པོ་ནི་འཚེ་བ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཚེ་བ་མེད་པ་དང་ཀུན་ལ་བྱམས་བརྩེ་བྱེད་པའི་བསླབ་བྱ་གསུང་གི་ཡོད། ངོས་རང་ལ་མཚོན་ན་བཅོམ་ལྡན་འདས་བཀའ་དྲིན་ཅན་གྱི་རྗེས་འབྲང་དགེ་སློང་འདུལ་བ་འཛིན་པས་ས་གནས་འདྲ་མིན་དུ་སླེབས་པའི་སྐབས་སུ་སངས་རྒྱས་པའི་ཆོས་འཚེ་བ་མེད་པ་གལ་ཆེ་ཤོས་སུ་བརྩིས་ནས་བཤད་བཞིན་ཡོད་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་དེང་སང་འཚེ་བ་མེད་པ་ལ་དོ་སྣང་གསར་བ་ཞིག་ཡོད་པས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག ངོས་ཀྱིས་ཕྱོགས་དང་མཚམས། རིས་སུ་མ་ཆད་པའི་ས་ཁུལ་དུ་བཅོམ་ལྡན་འདས་ཀྱི་བསླབ་བྱ་འཚེ་བ་མི་བྱེད་པ་དང་། ཀུན་ལ་བྱམས་བརྩེ་སྒོམ་པ་གཙུག་ཏུ་བཀུར་ནས་བཤད་བཞིན་ཡོད། སངས་རྒྱས་པའི་ཆོས་ནི་དད་པ་ཙམ་གྱི་རྗེས་སུ་འབྲང་པ་མ་ཡིན་པར་སེམས་ཁམས་རིག་པ་དང་འབྲེལ་ནས་བརྟག་དཔྱད་ཞིབ་ཕྲ་བྱེད་ཀྱི་ཡོད། འཛམ་གླིང་ཞི་བདེ་དང་། སྒེར་སོ་སོའི་ཞི་བདེ་ཚང་མ་སེམས་ཀྱི་ཞི་བདེ་ལ་ཐུག་ཡོད་པར་བཅོམ་ལྡན་འདས་ཀྱིས་གསུང་པ་དེང་སང་འཛམ་གླིང་གང་སར་དོ་སྣང་གསར་པ་བྱེད་བཞིན་འདུག
ལོ་གཅིག་ངོས་ཀྱི་རྨི་ལམ་དུ་ཚོགས་ཁང་ཞིག་ཏུ་དབུས་སུ་ཐུབ་དབང་གི་སྐུ་གསོན་པོ་བཞུགས་འདུག་པ་དང་། ངོས་རང་གཤམ་གྱི་གྲལ་གཞུག་ཏུ་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུང་གི་འདུག་པར་ཡར་བཅར་བ་ཡིན། ཁོང་གི་འཁྲིས་ལ་སྡོད་གསུངས་ཏེ་ཕྱག་བྱིལ་གནང་ནས་ཧ་ཅང་འཆམ་པོ་གནང་བས་སེམས་ལ་དཀའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཤུགས་ཆེན་པོ་བྱུང་། གང་ལྟར་སྟོན་པས་བཀའ་དྲིན་དེ་ལྟར་བསྐྱངས་པར་བརྟེན་སོ་སོའི་སྒོ་གསུམ་གྱི་ནུས་པ་ཅི་ཡོད་ཀྱི་ཐོག་ནས་སྟོན་པའི་དགོངས་པ་ཚུལ་བཞིན་དུ་སྒྲུབ་བསམ་པ་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཐག་བཅད་མྱོང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ནི་དད་པ་ཙམ་མ་ཡིན་པར་རྒྱུ་མཚན་ཡང་དག་ལ་བརྟེན་ནས་འཚེ་བ་མེད་པ་སྒྲུབ་བཞིན་ཡོད། འཚེ་བ་མེད་པ་ནི་མི་ཚང་གཅིག་གཉིས་ཀྱི་སྐད་ཆ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་སུ་ཡིན་པས་ག་ཚོད་ཐུབ་ཐུབ་ཀྱིས་སྟོན་པ་བཀའ་དྲིན་ཅན་འདིའི་རྗེས་སུ་འབྲང་ནས་འཚེ་བ་མེད་པའི་ཆོས་འཛམ་གླིང་ཀུན་ལ་ཁྱབ་པར་ནུས་པ་གང་ཡོད་འདོན་བཞིན་ཡོད།
དེ་རིང་སྐབས་སུ་བབ་པ་ས་ཁུལ་འདིར་འབྱོར་ནས་ཡུལ་བ་ཚང་མས་དགའ་སེམས་འཁོལ་བའི་ཐོག་ནས་ངོས་ལ་སྣེ་ལེན་བྱས་པ་དང་། ངོས་ལ་སྣེ་ལེན་བྱས་པ་དེ་ཡང་ངོས་ཀྱིས་གོ་མཚོན་འཁྱེར་ནས་ཡོང་བ་མ་ཡིན་པར་ཆོས་གོས་སྣམ་སྦྱར་གྱོན་ནས་ཡོང་བ་རེད། དེར་བརྟེན། ཡུལ་བ་ཚོ་ཡང་འཚེ་བ་མེད་པ་དང་ཞི་བདེའི་ཆེད་དུ་ཚོར་སྣང་ཡོད་པ་ཞིག་དང་། ཆེ་ས་ནས་འཛམ་གླིང་ཞི་བདེ་དང་། ཆུང་ས་ནས་སོ་སོའི་མི་ཚང་གཅིག་གི་ནང་དུ་འཚེ་བ་མེད་པར་མཐའ་གཅིག་ཏུ་ཞི་ཞིང་དུལ་བའི་མི་ཚེ་བསྐྱལ་རྒྱུ་ཞིག་དང་། སྟོན་པའི་བཀའ་དྲིན་ཡང་དྲན་བཞིན་འགྲོ་གི་ཡོད། གཞན་ཞུ་རྒྱུ་རྒྱ་ཆེན་པོ་མི་འདུག ངོས་རང་ལ་མཚོན་ན་བཅོམ་ལྡན་འདས་ཀྱིས་དམིགས་བསལ་ཐུགས་སྣང་གནང་བའི་རྨི་ལམ་ཧ་ཅང་གསལ་བོ་ཞིག་བྱུང་བས་སྟོན་པ་བཀའ་དྲིན་ཅན་འདིའི་རྗེས་སུ་འབྲང་བའི་དགེ་སློང་རྣམ་པར་དག་པ་ཞིག་གི་ཐོག་ནས་བྱམས་བརྩེའི་བདག་ཉིད་བཅོམ་ལྡན་འདས་ཀྱི་བཀའི་ཞབས་འདེགས་སྒྲུབ་མཁན་ཞིག་ཧུར་ཐག་འབད་ཐག་གིས་བྱེད་བསམ་པ་ཞིག་དྲན་བཞིན་ཡོད།
འཛམ་གླིང་སྤྱི་ཡོངས་སུ་བལྟས་ན་འཚེ་བ་ལ་དང་དོན་བྱེད་བཞིན་ཡོད། དེ་ལ་ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས། འཚེ་བ་མེད་པའི་འཛམ་གླིང་ཞིག་ཡོང་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། ཚང་མས་ཧུར་ཐག་བྱེད་ཤོག ངོས་རང་ལ་མཚོན་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། མཐའ་གཅིག་ཏུ་འཚེ་བ་མི་བྱེད་པར་ཞི་བདེ་ལ་བརྩོན་མཁན་ཞིག་ཡིན། ངོས་ནས་དེ་ལྟར་ཉམས་ལེན་བྱེད་ཀྱི་ཡོད་པ་དང་ངོ་ཤེས་པ་ཚོར་ཡང་རེ་འདུན་ནམ་བསམ་ཚུལ་འདི་བཤད་ཀྱི་ཡོད། ང་ཚོ་ཚང་མས་འཚེ་བ་མེད་པའི་ཐོག་ལ་འབད་བརྩོན་བྱས་པ་ཡིན་ན་འཛམ་གླིང་འདི་དངོས་གནས་ཞི་བདེ་ཡོད་པའི་འཛམ་གླིང་ཞིག་ཆགས་པར་རྒྱུ་མཚན་ཡོད་པ་རེད་ལ། རེ་བ་ཡང་ཡོད།
དེ་རིང་ས་གནས་འདིར་ང་ཚོ་འཁྱུག་ཙམ་ཐུག་པ་རེད། བསམ་བློའི་ཐོག་ལ་འཚེ་བ་མེད་པའི་ཞི་བདེ་ཡོད་ན་སེམས་ཀྱི་ཞི་བདེ་ཡོང་ཐུབ་པ་དང་། སོ་སོར་སེམས་ཀྱི་ཞི་བདེ་ཡོད་པ་ཙམ་དུ་མ་ཟད། ཉེ་འཁོར་དུ་ཡོད་པའི་མི་རྣམས་ལའང་ཞི་བདེའི་བསམ་བློའི་བག་ཆགས་ཡོང་བ་ཞིག་ཡིན། དེ་རིང་ས་གནས་འདི་གའི་དཔོན་རིགས་ལས་བྱེད་པ་ཚོ་འཛོམས་པ་རེད། ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངོས་རང་འཚེ་བ་མེད་པའི་ལམ་ནས་མི་ཚེ་མཐའ་འཁྱོལ་བ་ཞིག་བྱེད་བསམ་པ་རྨི་ལམ་དུ་བྱུང་ལ། གཟབ་གཟབ་ཀྱིས་འཚེ་བ་མེད་པ་འཛམ་གླིང་འདིར་ཁྱབ་སྤེལ་ཡག་པོ་ཞིག་བྱེད་ཐུབ་པར་འབད་བཞིན་པ་དང་། དེང་སང་འཛམ་གླིང་ནུབ་ཕྱོགས་སུ་འཚེ་བ་མེད་པའི་ལྟ་སྤྱོད་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག ཧ་ཅང་ཡག་པོ་རེད། བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་འཚེ་བ་མེད་པ་ཞི་བདེའི་བསམ་བློ་བསྐྲུན་ནས་ཁོར་ཡུག་ཀྱང་འཚེ་བ་མེད་པའི་ཞི་བདེའི་ཁོར་ཡུག་ཅིག་དང་། རིམ་བཞིན་འཛམ་གླིང་ཡོངས་རྫོགས་ཞི་བདེའི་ཁོར་ཡུག་ཡོད་པའི་འཛམ་གླིང་ཞིག་ཆགས་ཐུབ་པར་ང་ཚོ་ཚང་མས་རེ་བ་རྒྱག་གི་ཡོད་པ་རེད་ལ། ང་ཚོའི་ལས་འགན་ཆགས་ཡོད།
གང་ལྟར་འཛམ་གླིང་འདིར་ཞི་བདེའི་ཐོག་ལ་ཐུགས་འཁུར་བཞེས་མཁན་ཆོས་པ་ཡིན་པ་དང་མིན་པ། འཚེ་བ་མེད་པར་ཞི་བདེ་ཞིག་དགོས་ཀྱི་འདུག་བསམ་ནས་དམིགས་བསལ་དོ་སྣང་གིས་འབད་བརྩོན་གནང་མཁན་གང་སར་ཡོང་བཞིན་ཡོད། རྒྱ་ནག་ཏུ་ཆ་གཞག་ནའང་དེང་སང་ནང་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་ཞིག་སླེབས་ཀྱི་འདུག་པས་རིམ་པར་འཚེ་བ་མེད་པའི་ལྟ་སྤྱོད་འཛམ་གླིང་ཡོངས་སུ་ཁྱབ་ནས་ང་ཚོ་ཚང་མར་ཞི་བདེ་བག་ཕེབས་པ་ཞིག་ཡོང་བར་སྨོན་ལམ་ཞུ་བཞིན་ཡོད་ལ། ཚང་མས་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། གཞན་དེ་རིང་མཛད་སྒོར་ཕེབས་པའི་གླུ་གཞས་གཏོང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཆོས་ལུགས་འཐུས་མི་སྐུ་ཕྱོགས་དཀོན་མཆོག་ཚེ་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་བ་དང་། མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དབུས་འཛིན་མངའ་ཁུལ་(Union territory)དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཟུང་འབྲེལ་གྱིས་འདེགས་འབུལ་ཞུས་པའི་ཉིན་གུང་ལྗགས་སྨིན་གནང་རྗེས་ཞི་བའི་ཚལ་དུ་ཆིབས་བསྒྱུར་བསྐྱངས་ཡོད།