༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མང་སྤྲོ་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

དེ་ཡང་ཆུ་ཚོད་༨།༣༠ ཙམ་ལ་ཤེལ་གྱི་ཞི་བའི་ཚལ་ཕོ་བྲང་ནས་མང་སྤྲོ་དཔལ་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་ཡུལ་མི་རྣམས་ཀྱིས་ལག་ཏུ་མེ་ཏོག་དང་བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་དང་བཅས་མངོན་པར་དགའ་བའི་ཕོ་བྲང་མདུན་ཐང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་ཆོས་ར་རུ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་དང་། ཁྲིག་རྩེ་རིན་པོ་ཆེ། འབྲུག་པ་ཐུགས་སྲས་རིན་པོ་ཆེ། ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ། གོ་སྒྲིག་ཚོགས་ཆུང་གི་འཐུས་མི་སོགས་ཀྱིས་ཕེབས་བསུ་དང་། མངོན་པར་དགའ་བའི་ཕོ་བྲང་དུ་དུས་ཡུན་ཐུང་ཙམ་རིང་སྐུས་ངལ་གསོ་མཛད་ཡོད།

ཆུ་ཚོད་ ༡༠།༠༠ ཙམ་ལ་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཐོག་མར་མཆོད་མེ་ཞལ་འབྱེད་དང་། དེ་རྗེས་ས་སྐྱའི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་མཇལ་ཁ་ཞུས་རྗེས། མང་སྤྲོ་དགོན་པའི་མཁན་རིན་པོ་ཆེ་འཕྲིན་ལས་ཆོས་གསལ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཞིང་། དབྱར་ཆོས་ཆེན་མོར་ཕེབས་པའི་དགེ་འདུན་པ་དང་བཙུན་མ། སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་ཞུས་ཡོད།

མཐར་ལ་དྭགས་ཀྱི་སྲོལ་རྒྱུན་ཞབས་གཞས་ཤིག་གཟིགས་ཤིག་གཟིགས་འབུལ་གྲུབ་མཚམས་ཇི་ལྟར་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོང་བའི་གསོལ་འདེབས་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་མང་པོ་བསྐོར་ནས་གསུངས་པའི་ཆོས་ནི་བོད་གངས་ཅན་གྱི་ལྗོངས་ལ་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་། བོད་པ་ཚོས་བོད་ཡིག་གི་ཐོག་ནས་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་དེ་ཡང་ཚིག་ཙམ་ལ་མ་བཞག་པར་མཐའ་ཆོད་པ་ཞིག་ལ་རྩོད་པ་བརྩད་ནས་སྦྱངས་པ་རེད། དཔེར་ན། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་བསྡུས་གྲྭ་དང་། དབུ་མའི་གཞུང་བསླབས་པ་རེད། བོད་ལ་ནཱ་ལེནྡྲའི་གཞུང་ཆེན་རྣམས་རྩ་བ་བློ་ལ་འཛིན་ཞིང་། འཕགས་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་འགྲེལ་རྣམས་ལ་བལྟ་བ་རེད། ངོས་རང་ཆུང་ཆུང་སྐབས་ནས་གཞུང་ཆེན་རྣམས་ཀྱི་རྩ་བ་བློ་ལ་བཟུང་བ་དང་། འགྲེལ་བ་ལ་གྲྭ་སའི་ཡིག་ཆར་གཞིར་བཞག་གིས་འཆད་རྩོད་རྩོམ་གསུམ་གྱིས་ཕྱིན་པ་རེད། དེ་ལྟ་བུའི་སློབ་སྦྱོང་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་རེད། ཕྱིས་སུ་ནཱ་ལེནྡྲ་ནི་མིང་སྐམ་པོ་ཞིག་མ་གཏོགས་ཡོད་པ་མ་རེད། ང་ཚོ་བོད་པས་གཞུང་དེ་རྣམས་ལ་བདག་པོ་བརྒྱབ་པ་རེད། ངོས་རང་ལ་མཚོན་ན་མཚན་ཞབས་བདུན་བརྒྱད་ཅིག་ཡོད་པ་རྣམས་དང་མཉམ་དུ་རྟགས་གསལ་གཏོང་བ་དང་། རྩ་འགྲེལ་སྦྲགས་ནས་འགྲེལ་བཤད་རྒྱག་པ་སོགས་བྱས་པ་ཡིན། སྐབས་ཐོག་དེར་ཁྲལ་སྣང་ལྟ་བུ་ཤར་གྱི་འདུག་ཀྱང་། དོན་གྱི་ཆ་ནས་རིགས་ལམ་གྱི་ཐོག་ནས་གཞུང་དེ་དག་ལ་སློབ་སྦྱོང་བྱས་པ་ནི་ཧ་ཅང་བློ་གྲོས་ཀྱི་མིག་འབྱེད་པ་དང་། ཤེས་རབ་ཀྱི་སྣང་བ་མེ་ལྟར་འབར་བའི་ཐབས་ཤེས་དམིགས་བསལ་ཞིག་རེད།

རྒྱ་ནག་ལ་ནང་པའི་ཆོས་དར་གྱི་ཡོད་ཀྱང་རིགས་ལམ་གྱི་འགྲོ་སྟངས་སམ། བཤད་སྦྱངས་བྱ་རྒྱུ་དེ་ཙམ་ཤུགས་ཆེན་པོ་མི་འདུག ང་ཚོ་བོད་ཆོལ་ཁ་གསུམ་དུ་ཚད་མ་རིག་པ་དང་། དབུ་མ། ཕར་ཕྱིན་བཅས་ཆ་ཚང་བ་ཞིག་སློབ་ཀྱི་ཡོད། དེ་ཡང་རྟགས་གསལ་དང་སྦྲགས་ནས་སློབ་སྦྱོང་བྱེད་སྲོལ་ཞིག་ཡོད། སེ་འབྲས་དགའ་གསུམ་གཙོས་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་སྦྱང་བ་བྱེད་པ་ནི་ཧ་ཅང་ཡག་པོ་ཞིག་རེད། ངོས་རང་ཡང་ཆུང་ཆུང་སྐབས་ནས་བསྡུས་གྲྭ་དང་བློ་རིག རྟགས་རིགས། གཞན་གཞུང་ཆེན་རྣམས་ཁ་ཡོད་ལག་ཡོད་ཀྱིས་སློབ་སྦྱོང་བྱས་པ་ཡིན། བོད་ཀྱི་ཆོས་ཕྱོགས་ཀྱི་རིག་གཞུང་རྣམས་ཧ་ཅང་རྒྱ་ཆེན་པོ་དང་ཞིབ་ཚགས་པོ་རེད།

བོད་ལ་ཆོས་ཀྱི་སློབ་སྦྱོང་བྱེད་པ་ནི་ཧ་ཅང་སྤུས་དག་པོ་རེད། བར་སྐབས་བོད་དུ་ཉམས་ཆག་ཆེན་པོ་ཕྱིན་ཡོད་ཀྱང་། རྒྱ་གར་དུ་སླེབས་ནས་བོད་ལ་ཉམས་ཆག་ཕྱིན་པ་དེ་ག་ཚོད་ཐུབ་ཐུབ་ཀྱིས་བདག་པོ་བརྒྱབ་ནས་མུ་མཐུད་གཞུང་ཆེན་རྣམས་ཀྱི་རྩ་བ་བློ་འཛིན་བྱེད་པ་དང་། འགྲེལ་བ་རྣམས་ལ་ཧུར་ཐག་བྱས་པ་རེད། ང་ཚོའི་མི་རབས་གོང་མ་ཚོས་ཧུར་ཐག་འབད་ཐག་བྱས་པ་རེད། དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད་འདུག

དེང་སང་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་དང་། ཚད་མ་རིག་པ་ལ་ཚན་རིག་པའི་ནང་ནས་དམིགས་བསལ་དོ་སྣང་བྱེད་བཞིན་འདུག ངོས་རང་འཛམ་གླིང་ས་ཕྱོགས་གང་སར་སླེབས་པའི་སྐབས་སུ་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་སྐོར་ནས་ཚན་རིག་པ་ཚོར་ཐུག་འཕྲད་དུ་ཡོང་གི་འདུག ང་ཚོས་བགྲོ་གླེང་བྱས་པ་ཡིན། མང་པོ་ཞིག་གིས་རིགས་པ་གསར་པ་རྙེད་ནས་ཧ་ཅང་དགའ་བོ་བྱེད་བཞིན་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ཚད་མ་རིག་པ་དང་འབྲེལ་ནས་ཡོང་དུས་ཐུན་མོང་གི་རིག་གནས་ཆགས་ཡོད། ཚད་མ་རིག་པའི་འགྲོ་སྟངས་དང་མཐུན་པར་དེང་སང་ང་ཚོར་གོ་བསྡུར་བྱེད་པ་ཡོང་གི་ཡོད། རྒྱ་ནག་ལ་མཚོན་ནའང་ཚད་མ་རིག་པའི་སྐོར་ལ་དོ་སྣང་ཆེན་པོ་སླེབ་ཡོང་གི་འདུག ང་ཚོ་བོད་པས་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་དེ་ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་བེད་སྤྱོད་བྱེད་རྒྱུ་ཡོད་པ་ཞིག་དང་། བསམ་བློ་གཏོང་རྒྱུ་ཡོད་པ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་སོགས་བཀའ་སློབ་བཀའ་དྲིན་སྩལ།

མཐར། ཚེ་འདི་ལ་ཞེན་ན་ཆོས་པ་མིན།། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།། བདག་དོན་ལ་ཞེན་ན་བྱང་སེམས་མིན།། འཛིན་པ་བྱུང་ན་ལྟ་བ་མིན།། ཞེས་པ་ཞེན་པ་བཞི་བྲལ་གྱི་ལྗགས་ལུང་དང་། སྟོན་པའི་མཚན་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས། སློབ་དཔོན་གྱི་མཚན་སྔགས་བཅས་ཀྱི་ལྗགས་ལུང་སྩལ་རྗེས་བསྟོད་གཞས་གཟིགས་འབུལ་དང་། དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་པ་དང་། མགོན་པོ་གང་ཉིད་མཆོག་གིས་ཉིན་གུང་མངོན་པར་དགའ་བའི་ཕོ་བྲང་དུ་ལྗགས་སྨིན་བསྐྱངས་རྗེས་ཞི་བའི་ཚལ་གྱི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།










