༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་འབྲེལ་དང་མི་མང་ལ་མཇལ་ཁ་བཀའ་དྲིན་སྩལ་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་སྐུ་ཤོག་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཧི་མ་ཅལ་མངའ་སྡེའི་བཞུགས་སྒར་རྡ་རམ་ས་ལ་ནས་གྷ་གྷལ་གནམ་ཐང་བརྒྱུད་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཆིབས་བསྒྱུར་གྱིས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཕེབས་ལམ་དུ་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་མེ་ཏོག་དང་གདུག་སྤོས། ཁ་བཏགས་སོགས་ཐོགས་པ་དང་། ལ་དྭགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ལ་དྭགས་བོད་མིའི་གཞིས་ཆགས་ཁག་དང་། བོད་ཁྱིམ་སློབ་གྲྭ་སོགས་ཀྱི་དད་ལྡན་མི་མང་ཁག་ནས་རང་ལུགས་འཆོར་གོས་མནབས་སྟེ་ཕེབས་བསུ་གཟབ་རྒྱས་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་སོགས་དཔོན་རིགས་ཁག་དང་། ནང་པ་ཚོགས་པ་དང་དགོན་པ་ཚོགས་པ། ཁ་ཆེའི་སུན་ནི་(Sunni Mosque)ཆོས་བརྒྱུད་དང་། ཞི་ཡཱ་ཆོས་བརྒྱུད་(Shia Mosque)ཀྱི་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་སོགས་ནས་ཕེབས་བསུ་དང་། ཕོ་བྲང་དགེ་འཕེལ་གླིང་དུ་ཁྲིག་རྩེ་རིན་པོ་ཆེ་མཆོག་སོགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་བཅས་ཕེབས་བསུའི་མཛད་སྒོ་བསྐྱངས་པ་དང་།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུར་བཞུགས་སྟེ་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་གྱིས་དཀར་དགོན་གྱི་༸རྒྱལ་བའི་ཕོ་བྲང་གསར་པ་དང་། ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་བཀའ་དྲིན་སྩལ་བ་དང་། ཚེས་ ༢༣ ཉིན་ཟངས་དཀར་ནང་པའི་ཚོགས་པ་དང་། ཟངས་དཀར་དགོན་པ་ཚོགས་པ། དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་གི་དུས་དབང་གསུང་ཆོས་ར་བར་མཆོད་རྟེན་བྱ་རུང་ཁ་ཤོར་གསར་བཞེངས་ཀྱི་ས་གཞི་བྱིན་རླབས་མཛད་པ་དང་། དུས་འཁོར་ལྷ་ཁང་དུ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་སྒོ་ནས་མགོན་པོ་མཆོག་ལ་གོ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས། ཚེས་ ༢༥ ཉིན་ཟངས་དཀར་དཀར་ཤ་ཕོ་བྲང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ། དེ་བཞིན་གཟུངས་སྔགས་ཁག་ཅིག་གི་བཟླས་ལུང་བཀའ་དྲིན་སྩལ་ཡོད།
ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་གླེ་ཡི་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་ཇོ་ཁང་བསྐྱར་བཞེངས་ཀྱི་རྩིག་རྨང་བཏིང་སྟེ་ས་གཞི་བྱིན་རླབས་མཛད་པ་དང་། གླེ་གཤམ་གྱི་དགོན་པ་ཚོགས་པའི་ནང་པའི་ཆོས་ཀྱི་ལྟེ་གནས་སམ་དྷརྨ་སཱེན་ཊིར་(Dharma center)ཞེས་པའི་གཙུག་ལག་ཁང་དུ་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་བ་དང་། ཚེས་ ༡༦ ཉིན་ལ་དྭགས་ཞི་བའི་ཚལ་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། ༸རྒྱལ་མཆོག་བདུན་པ་ཆེན་པོས་མཛད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཆོས་འབྲེལ། དེ་བཞིན་གཟུངས་སྔགས་ཁག་ཅིག་གི་བཟླས་ལུང་བཀའ་དྲིན་སྩལ་བ་དང་། ཚེས་ ༡༧ ཉིན་ཞི་བའི་ཚལ་དུས་དབང་གསུང་ཆོས་ར་བར་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་པ་བཅས་ལ་དྭགས་ཁུལ་དུ་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།
གཞན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་ནས་གླེ་དང་ཟངས་དཀར་ཁུལ་དུ་ཉིན་གྲངས་ ༣༨ རིང་རྒྱ་གར་བ་དང་། ནུབ་ཕྱོགས་དང་ཡུ་རོབ་ཁུལ་གྱི་དད་ལྡན་མཇལ་བཅར་བ། ལ་དྭགས་ཡུལ་མི། བོད་པ་སོགས་ཁྱོན་བསྡོམས་མི་གྲངས་ ༢༠༠༤༢ ལ་མཇལ་ཁ་བཀའ་དྲིན་སྩལ་ཞིང་། ཟླ་ ༨ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་དབུས་འཛིན་མངའ་ཁུལ་(Union territory)དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཟུང་འབྲེལ་གྱིས་ཤེལ་གྱི་སེང་གེ་གཙང་པོའི་ཉེ་འགྲམ་སིན་དྷུ་གྷཱ་ཊ་ཞེས་པར་ཆེ་བསྟོད་ཀྱི་གསོལ་ཚིགས་སྟོན་འདེགས་འབུལ་དང་། ཚེས་ ༢༤ ཉིན་ལ་དྭགས་གླེ་ཁུལ་དཔེ་ཐུབ་དགོན་པའི་ཉེ་ཁུལ་ཨ་པི་སི་སྤང་(Abi-Spang)ངམ་རྨོ་རྨོའི་སྤང་ཞེས་པར་ལ་དྭགས་དགོན་སྤྱི་ཚོགས་པ་དང་ནང་ཚོགས་ཐུན་མོང་གིས་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།