༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་གླེ་ཡི་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་ཇོ་ཁང་བསྐྱར་བཞེངས་ཀྱི་རྩིག་རྨང་བཏིང་སྟེ་ས་གཞི་བྱིན་རླབས་མཛད་པ་དང་། གླེ་གཤམ་གྱི་དགོན་པ་ཚོགས་པའི་ནང་པའི་ཆོས་ཀྱི་ལྟེ་གནས་སམ་དྷརྨ་སཱེན་ཊིར་(Dharma center)ཞེས་པའི་གཙུག་ལག་ཁང་དུ་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཆིབས་འཁོར་ལ་བཞུགས་སྟེ་གླེ་ཡི་ཇོ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་དུ་ལ་དྭགས་ཡུལ་གྱི་སྙུགས་མར་གནས་པའི་དད་ལྡན་མི་མང་དང་། ཕྱིའི་རྒྱལ་ཁབ་འདྲ་མིན་དང་རྒྱལ་གར་གྱི་ས་གནས་གཞན་ནས་ཕེབས་པའི་དད་ལྡན་པ་མང་པོས་ལག་ཏུ་མེ་ཏོག་དང་བདུག་སྤོས། ཁ་བཏགས་སོགས་ཐོགས་ནས་ཕེབས་བསུ་དང་བཅས་ཇོ་ཁང་བསྐྱར་བཞེངས་ཀྱི་གནས་སུ་༸ཞབས་སོར་འཁོད་མཚམས། ནང་པ་ཚོགས་པ་འདུ་དང་དགོན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་དང་། ལ་དྭགས་ཡུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣས་ཕེབས་བསུ་བྱས་ཤིང་། ཇོ་ཁང་གསར་བཞེངས་ཀྱི་གནས་སུ་མགོན་པོ་མཆོག་གིས་རྩིག་རྨང་ཐོག་མར་འདིང་པའི་བྱིན་རླབས་གནང་རྗེས་བཞུགས་ཁྲིར་འཁོད་དེ་གླེ་ཡི་ཇོ་ཁང་གསར་བཞེངས་ཀྱི་དཔེ་རིས་སྤྱན་འབུལ་ཞུས་མཚམས་བཀའ་སློབ་སྩལ་དོན།
ལོ་རྒྱུས་བཤད་ཡོང་སྐབས་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་ཆགས་འདུག བོད་གངས་ཅན་གྱི་ལྗོངས་སུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་བཞུགས་པ་དང་། ངོས་ཀྱི་མི་ཐོག་འདིར་རྐྱེན་ངན་བྱུང་ཞིང་། མཐར་ཐུག་རྐྱེན་ངན་གྲོགས་སུ་ཤར་ནས་རང་དབང་ལུང་པ། སྔོན་སངས་རྒྱས་པའི་ཆོས་ཐོག་མར་དར་ས་དང་། རྒྱན་དྲུག་མཆོག་གཉིས་ལ་སོགས་ཀྱིས་བསྟན་པའི་བྱ་བ་རྒྱ་ཆེན་མཛད་སའི་གནས་འདིར་སླེབས་པ་རེད། དེང་སང་འཛམ་གླིང་འདིར་ནང་པའི་ཆོས་བཤད་སྒྲུབ་ལས་གསུམ་གྱི་ཐོག་ནས་ར་སྤྲོད་འཕེར་བ་ད་ལྟ་རྒྱ་གར་དུ་ཡོད་པ་འདི་རེད། ངོས་ཀྱིས་ཧམ་པ་བཤད་ན་འགྲིག་གི་མ་རེད་དེ། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་བསྒྲུབས་པ་དང་། ངོས་རང་ལ་མཚོན་ན་སྐྱེས་ས་ཨ་མདོའི་ས་ཁུལ་དང་། ཡར་ལྷ་སར་སླེབས་ནས་༸རྒྱལ་དབང་གི་མཚན་འཁྱེར་བའི་ཐོག་ནས་དཔེ་ཆར་བལྟ་བ་སོགས་ཐོས་བསམ་སྒོམ་གསུམ་བྱས་པ་རེད། ད་ལྟ་བལྟས་ནས་དེ་དུས་ངོས་ཀྱིས་ཐོས་བསམ་སྒོམ་གསུམ་བྱས་པ་ནི་ཡག་ཐག་ཆོད་རེད། གང་ལྟར་ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བསྟེན་ནས་གཞུང་ཆེན་གྱི་རྩ་བ་བློ་ལ་བཟུང་བ་དང་། འགྲེལ་བ་རྣམས་ལ་ཞིབ་འཇུག་བྱས་ཤིང་། དེ་དང་མཉམ་དུ་ལམ་རིམ་བློ་སྦྱོང་དང་སྦྲགས་ནས་བསམ་བློ་གཏོང་བ་ལ་ཧུར་ཐག་འབད་ཐག་བྱས་པ་རེད། གང་ལྟར་ལྷ་སར་བསྡད་པའི་ལོ་ཡུན་རིང་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་ཉམས་ལེན་བྱས་ཏེ་ཕྱིན་པ་ཡིན། ཕྱི་ལོ་ ༡༩༥༩ ལོའི་དུས་ལོག་བྱུང་སྐབས་བརྟག་དཔྱད་སོགས་མང་པོ་བྱས་མཐར་ནོར་བུ་གླིང་ག་ནས་ཐོན་ན་ཡག་པོ་འདུག་པས་ལྷ་སའི་གཙུག་ལག་ཁང་གི་རྟེན་དང་རྟེན་པའི་དཀྱིལ་འཁོར་རྣམས་བློ་ལ་འཆར་བཞིན་དུ་ལྷ་ས་ནས་ཐོན་ཡོང་བ་ཡིན། ལྷ་སའི་གཙང་པོ་བརྒལ་ནས་ལ་འཛེགས་ཡོང་སྐབས་ངོས་ཀྱི་རྟ་ཁྲིད་མཁན་གྱིས་ལྷ་ས་འདི་ནས་མ་གཏོགས་གཟིགས་ཀྱི་མ་རེད། ལྷ་སར་གཅིག་གཟིགས་རོགས་ཟེར། ངོས་ཀྱིས་ལྷ་སར་བལྟས་ཏེ་སྨོན་ལམ་ཞིག་བརྒྱབ་ཅིང་། དེ་ལྟར་ལྷ་ས་དང་ཁ་བྲལ་པ་རེད།
གང་ལྟར་ལྷ་ས་ནས་ཐོན་ཡོང་ཡང་འཛམ་གླིང་འདིར་ནང་པའི་ཆོས་ལ་དོ་སྣང་སྔར་ལས་ཆེ་རུ་སོང་ཡོད་པ་མ་གཏོགས་སྡུག་ཏུ་འགྲོ་མི་འདུག ངོས་རང་རྒྱ་གར་དུ་སླེབས་ནས་ཡུ་རོབ་དང་ཨ་རི་སོགས་སུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག་པ་དང་། དེ་དག་ལ་ཞབས་འདེགས་ཧུར་ཐག་འབད་ཐག་སྒྲུབ་བཞིན་པ་དེ་ལྟར་ཡིན། ངོས་ཀྱིས་འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཡོད། ད་དུང་ཡང་ངོས་རང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་པའི་རིང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་ཧུར་ཐག་འབད་ཐག་སྒྲུབ་ཀྱི་རེད། ཡོངས་འཛིན་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་གིས་ངོས་ལ་དཔེ་ཆ་ཁྲིད་ནས་དགའ་རབ་ཤེས་ཀྱི་ཡོད། དེ་དང་ཆབས་ཅིག་མཚན་ཞབས་ཚོའི་མཉམ་དུ་རྟགས་གསལ་བཏང་ནས་ཚད་མའི་ལམ་ནས་གཏན་ལ་ཕབ་པར་གོམས་འདྲིས་དགའ་རབ་ཡོད། གང་ལྟར་ངོས་ཀྱི་ལས་དང་སྨོན་ལམ་གྱི་ཐོག་ནས་བསྟན་པ་སླར་གསོ་བྱེད་པའི་ཆ་རྐྱེན་གང་ལ་གང་འཚམ་འཛོམས་ཡོད་པ་ཞིག་རེད།
དེ་རིང་འདིར་ཁྱོད་རང་ཚོས་ཇོ་ཁང་གསར་པ་ཞིག་བཞེངས་པའི་རྩིས་བྱེད་ཀྱི་ཡོད། དེའི་སྒོ་འབྱེད་ཀྱི་རྟེན་འབྲེལ་ལྟ་བུར་འདིར་ཚོགས་པ་རེད། ཁྱོད་རང་ཚོས་སེམས་ཤུགས་བསྐྱེད་ནས་འདི་འདྲ་ཞིག་བྱེད་པའི་བསམ་བློ་བཏང་བ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། སངས་རྒྱས་པའི་ཆོས་འདི་དེང་སང་འཛམ་གླིང་འདིར་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་དང་། ཡུ་རོབ་དང་ལྷོ་ཨ་མི་རི་ཀ་སོགས་སུ་ནང་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཏེ་སློབ་སྦྱོང་བྱེད་པ་དང་། རིགས་ཁ་ཤས་ཀྱིས་ཆོས་ལ་ཤེས་བྱའི་འདུ་ཤེས་བྱེད་ཀྱི་ཡོད་ཀྱང་། དེ་ལ་ཁྱད་མི་འདུག གང་ལྟར་ཆོས་ལ་སློབ་སྦྱོང་བྱེད་པའི་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག ངོས་ཀྱིས་དབྱིན་སྐད་ཐེབས་ཆག་ཅིག་བརྒྱབ་ནས་ནང་པའི་ཆོས་ཀྱི་ངོ་སྤྲོད་བྱེད་པ་དང་། ནང་ཆོས་ཀྱི་བསམ་བློའི་འགྲོ་སྟངས་དང་ཚན་རིག་གི་བསམ་བློའི་འགྲོ་སྟངས་བསྡུར་ནསབསམ་བློ་གཏོང་དུས་ཕན་ཐོགས་ཆེན་པོ་འདུག སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཆེན་པོ་ཡོད་པའི་ཚན་རིག་པ་ངོས་ཀྱི་སར་ཡོང་ནས་སྐད་ཆ་འདྲི་བ་དང་། གོ་བསྡུར་བྱེད་པ་སོགས་མང་པོ་ཡོང་གི་འདུག གང་ལྟར་ངོས་རང་ཆོས་གོས་གྱོན་པའི་དགེ་སློང་དང་། ཚན་རིག་པ་མཉམ་དུ་ཐུག་ནས་ངོས་ཀྱིས་ཚན་རིག་གི་སྐོར་ཤུགས་ཆེ་ཙམ་བཤད་རྒྱུ་ཡོང་གི་ཡོད། ངོས་རང་ཚན་རིག་པའི་གྲལ་ལ་སྡོད་ཀྱི་ཡོད། གང་ལྟར་འཛམ་གླིང་འདིར་ངོས་ཀྱིས་ཚན་རིག་པ་དང་འབྲེལ་ནས་སངས་རྒྱས་པའི་བསྟན་པའི་ཞབས་འདེགས་སྒྲུབ་པའི་ལས་ཀ་དགའ་རབ་བྱས་པ་ཡིན། གྲུབ་འབྲས་ཡག་པོ་ཐོན་པ་ལྟ་བུ་འདུག ཡུ་རོབ་ལ་ཆ་བཞག་ན་ཚན་རིག་པས་ནང་ཆས་ལ་དོ་སྣང་དང་། ཀླད་པའི་འགྲོ་སྟངས་ལ་དོ་སྣང་བྱེད་ཀྱི་འདུག
གང་ལྟར་ངོས་རང་སྐྱེས་ས་མདོ་སྨད་དང་འཚར་ལོངས་བྱེད་ས་དབུས་གཙང་རེད། ཡོངས་འཛིན་རྣམ་པ་ཚའི་སྐུ་མདུན་ནས་དཔེ་ཆར་བལྟས་པ་རེད། རྒྱ་གར་དུ་སླེབས་ཏེ་མུ་མཐུད་ནས་དཔེ་ཆར་བལྟས་པ་ཡིན། རྒྱ་གར་དུ་བསྡད་རིང་ཡུ་རོབ་སོགས་ནས་སེམས་ཁམས་རིག་པའི་སྐོར་ལ་ནང་ཆོས་སུ་དམིགས་བསལ་ཞིག་འདུག་ཅེས་ཧ་ཅང་དགའ་བོ་བྱེད་བཞིན་འདུག གང་ལྟར་དཔེ་ཆར་བལྟ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་དང་རྩ་ཆེན་པོ་རེད། སྔགས་ཀྱི་ཆོ་ག་ཡིན་ན་གནས་ཚུལ་ཁ་ཁ་རེད། ཚད་མ་རིག་པ་དང་དབུ་མ་སོགས་ནི་སེམས་ཁམས་རིག་པ་དང་འབྲེལ་ནས་བསམ་བློའི་འགྲོ་སྟངས་ཀྱི་འགྲེལ་བཤད་ཤུགས་ཆེན་པོ་ཡོད་པས་ཧ་ཅང་ཕན་ཐོགས་ཆེན་པོ་རེད། ཆོས་སྐྱོང་གསོལ་ཞིང་། རྔ་སྦུག་དཀྲོལ་ནས་སྡོད་པ་ནི་གོམས་གཤིས་ཀྱི་ཐོག་ནས་ཡག་པོ་ཡོད་པ་མ་གཏོགས་ངོས་ལ་དེ་ཙམ་དོ་སྣང་མེད། དཔེ་ཆར་བལྟས་ཏེ་ལུང་ཙམ་ལ་སྐྱབས་སུ་བཟུང་ནས་ཞེས་གསུངས་པའི་ཕྱིར་ཟེར་བ་ཙམ་མ་ཡིན་པར་ཚན་རིག་པའི་འགྲེལ་བཤད་ག་འདྲ་ཡིན་པ་ལ་ཉན་ནས་དེ་གཉིས་བསྡུར་དཔྱད་བྱས་པ་ཡིན་ན་གནད་འགག་ཆེན་པོ་འདུག ངོས་ལ་མཚོན་ན་དགེ་སློང་རེད། ཚན་རིག་ལའང་དོ་སྣང་ཆེན་པོ་ཡོད། ཀླད་པའི་ཚན་རིག་པའང་ཕལ་ཆེར་ཆགས་ཡོད་པ་རེད། སྟོན་པ་བཀའ་དྲིན་ཅན་གྱི་ཞབས་འདེགས་སྒྲུབ་རྒྱུ་ནི་ལུང་ཙམ་ལ་སྐྱབས་སུ་མཆི་ནས་མ་ཡིན་པར་རིགས་པའི་ལམ་ནས་སེམས་ཁམས་རིག་པ་དང་འབྲེལ་ནས་སངས་རྒྱས་པའི་ཆོས་ཀྱི་ཞབས་འདེགས་སྒྲུབ་པ་དེ་ལྟར་ཡིན།
དེ་རིང་འདིར་ཁྱོད་རང་ཚོས་ལྷ་ཁང་རྙིང་པ་བཤིག་ནས་གསར་པ་ཞིག་བཞེངས་པའི་འཆར་གཞི་རེད། ལྷ་ཁང་སྟོང་པ་ཞིག་ལ་ཧ་ལས་པ་གང་ཡང་ཡོད་པ་མ་རེད། གཙོ་བོ་དཔེ་ཆར་བལྟ་དགོས། དཔེ་ཆར་བལྟ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། འདིར་ཁྱོད་ཚོས་གཙུག་ལག་ཁང་གསར་པ་ཞིག་རྒྱག་རྒྱུའི་འཆར་གཞི་རེད། ཕྱིན་ཆད་འདིར་མཚན་ཉིད་ཀྱི་གཞུང་དང་། ཚད་མའི་གཞུང་། དབུ་མའི་གཞུང་སོགས་ཁྲིད་ས་དང་། རྩོད་པ་བརྩད་ནས་བདར་ཤ་གཅོད་ས་ཞིག་ཡོང་བར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། རེ་བ་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་གྲུབ་མཚམས་ཆིབས་འཁོར་བརྒྱུད་ལ་དྭགས་མི་མང་ཡོངས་ཀྱི་དད་རྟེན་ཆོས་ཀྱི་ལྟེ་གནས་སམ་དྷརྨ་སཱེན་ཊིར་ཞེས་པའི་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཤིང་། དེར་ཁྲི་རྩེ་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་དང་བཅས་གཙུག་ལག་ཁང་དུ་༸ཞབས་སོར་འཁོད་དེ་ཐོག་མར་རྟེན་གཙོ་ཇོ་བོའི་སྐུ་བརྙན་དང་། སྟོན་པའི་སྐུ་བརྙན་རིན་པོ་ཆེ་སོགས་ལ་མཇལ་ཁ་ཞུས་རྗེས་བཞུགས་ཁྲིར་འཁོད་ཅིང་། དགོན་ཚོགས་སྐུ་ཚབ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ལམ་ཁ་སྟབས་བདེ་བོ་བྱས་ཏེ་འདིར་བཅར་ཐུབ་པ་རེད། མཁན་སློབ་དགེ་འདུན་དང་བཅས་པ། དེ་བཞིན་ཆོས་གྲོགས་ཚང་མར་འཚམ་འདྲི་ཡོད། ངོས་ཀྱིས་འདིར་ཞུ་འདོད་པ་གཅིག་ནི་འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་རེད། ལྷག་པར་དུ་རྒྱ་གར་ལ་མཚོན་ན་ཆོས་ལུགས་མང་པོ་ཡོད། ཡིན་ནའང་། འཛམ་གླིང་འདིར་དོ་སྣང་ཆེ་ཤོས་དང་། ལྷག་པར་དུ་སེམས་ཁམས་རིག་པའི་ཐོག་ལ་དོ་སྣང་ཡོད་པའི་ཚན་རིག་པ་ཚོས་ནང་པའི་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་བསྲེག་བཅད་བདར་གསུམ་གྱིས་བཤད་རྒྱུན་གཏན་ལ་ཕབ་པ་ཞིག་ཆགས་ཡོད། དེར་བརྟེན། དེང་སང་འཛམ་གླིང་འདིར་བོད་ཀྱི་ནང་ཆོས་དང་། ལྷག་པར་དུ་ཚད་མ་རིག་པའི་སྐོར་ལ་ཚད་རིག་པ་ཚོས་ཀྱང་དོ་སྣང་ཆེན་པ་བྱས་ཏེ་ངོས་ཀྱི་སར་གོ་བསྡུར་བྱེད་མཁན་མང་པོ་བྱུང་། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་འདོན་པ་ལྟ་བུ་བཏོན་ནས་སྡོད་པ་གཅིག་པུ་མ་ཡིན་པར་ཚད་མ་རིག་པ་དང་། ཕར་ཕྱིན། དབུ་མ་བཅས་ཀྱི་གཞུང་རྣམས་ལ་སྦྱང་གི་ཡོད། ངོས་རང་ལ་མཚོན་ན་ཕ་ཡུལ་ནས་ཡར་ཡོང་སྟེ་རྩེ་ཕོ་བྲང་དུ་བསྡད་དེ་བསྡུས་ར་དང་ཚད་མ་ལ་ལོ་ལྔ་དྲུག་ནས་སྦྱང་པ་རེད། ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་གཏིང་ཟབ་པོ་དང་། སློབ་གཉེར་བྱས་ཏེ་རིགས་པའི་ལམ་ནས་ངེས་པ་རྙེད་རྒྱུ་ཡོད་པ་འདི་ལ། སློབ་སྦྱོང་གིས་གཏིང་ཟབ་པོའི་ཤེས་ཚད་ཡོད་པ་བྱས་ཏེ་འགྲོ་བཞིན་ཡོད། ཧ་ཅང་ཡག་པོ་རེད།
བོད་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་དང་རྒྱ་གར་ལ་འབྲེལ་བ་བྱས་ཡོད། རིམ་བཞིན་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་སོགས་བོད་ལ་ཕེབས་ནས་བོད་ཀྱི་སངས་རྒྱས་པའི་བསྟན་པ་རྒྱ་གར་མཁས་པའི་གཞུང་དང་མཐུན་པ་ཧ་ཅང་སྤུས་དག་པོ་རེད། ངོས་ཀྱིས་ཐོག་མར་བསྡུས་རར་བལྟས་པ་དང་། དེ་ནས་ཚད་མའི་སྐོར་ལ་རྟགས་གསལ་བསླབ་པ་རེད། དེ་བཞིན་དབུ་མ་དང་ཕར་ཕྱིན་རེད། མཛོད་ལ་དེ་ཙམ་ཞིབ་ཚགས་པོ་བལྟས་མེད། འདུལ་བའི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། བོད་ཀྱི་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ནི་གོ་རིམ་ལྡན་པ་ཞིག་དང་། ཉམས་ལེན་དང་འབྲེལ་ནས་ཧ་ཅང་ཡག་པོ་རེད། ངོས་ཀྱིས་སེ་འབྲས་གཉིས་ལ་གྲྭ་སྐོར་བྱས་ཏེ་དམ་བཅའ་བཞག་པ་དང་། ལྷ་སའི་གཙུག་ལག་ཁང་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་ཡོངས་འདུས་པའི་དབུས་སུ་དམ་བཅའ་བཞག་པ་ཡིན། ངོས་རང་ཏཱ་ལའི་བླ་མ་རྩ་ཆེན་པོ་རེད་ཅེས་བཞུགས་ཁྲིའི་སྒང་ལ་སེར་ལམ་མེར་བཞག་པ་མིན་པར་དཔེ་ཆ་བལྟས་པ་ཡིན། ངོས་ལ་མཚན་ཞབས་ཡོད་པ་རེད། ཁོང་ཚོའི་མཉམ་དུ་ཚ་དང་འཁོར་གསུམ་མང་པོ་བསྐོར་ནས་དཔེ་ཆར་བལྟས་པ་ཡིན། དེ་ལྟར་ཚད་མའི་གཞུང་ལ་བལྟས་པ་དེས་དེང་སང་ཚན་རིག་པ་དང་། སེམས་ཁམས་རིག་པ་བ་སོགས་ཚད་མའི་འགྲོ་སྟངས་དང་ཀླད་པའི་འགྲོ་སྟངས་ལ་དོ་སྣང་ཡོད་མཁན་ཚོའི་མཉམ་དུ་གོ་བསྡུར་བྱ་རྒྱུ་མང་པོ་ཡོང་གི་ཡོད་ལ། ཚན་རིག་པ་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་བཞིན་འདུག དེ་སྔ་བོད་དུ་དཔེ་ཆར་བལྟས་པ་དེ་རིག་གནས་རང་ཆགས་ཡོད། ང་ཚོས་དགོན་པ་སོ་སོའི་ལུགས་སྲོལ་ལྟ་བུ་བྱས་པ་མ་ཡིན་པར་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་རིགས་ལམ་སྦྱང་བ་ནི་ཧ་ཅང་ཡག་པོ་འདུག
སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་དབང་དང་རྗེས་གནང་མང་པོ་ཞུས་ཡོད། དཔེ་ཁྲིད་གཙོ་བོ་གནང་མཁན་གླིང་རིན་པོ་ཆེ་རེད། སྐྱབས་སུ་མཆི། ཞོགས་པར་ཆུ་ཚོད་གཅིག་དང་། དགོང་དྲོ་ཆུ་ཚོད་གཅིག་རིང་དཔེ་ཆ་ཞིབ་ཚགས་པོར་ཁྲིད་པ་རེད། གླིང་རིན་པོ་ཆེས་དཔེ་ཁྲིད་གནང་བ་དེས་ངོས་ཀྱི་བློ་མིག་ཕྱེས་པ་ལྟ་བུ་རེད། ཕྱིས་སུ་ནུབ་ཕྱོགས་པའི་མཁས་དབང་ཚོ་དང་འབྲེལ་བ་བྱུང་ནས་སེམས་ཁམས་རིག་པའི་སྐོར་ཚན་རིག་པས་བཤད་པ་དང་། ང་ཚོའི་གཞུང་ནས་གསུངས་པ་མཉམ་དུ་སྦྱར་ནས་སེམས་ཁམས་རིག་པའི་སྐོར་གྱི་ཤེས་ཡོན་ཡར་རྒྱས་གཏོང་བ་ལ་ཕན་ཐོགས་ཆེན་པོ་བྱུང་། དེང་སང་སེམས་ཁམས་རིག་པའི་ཚན་རིག་པ་དེ་འདྲ་ཆེད་མངགས་ངོས་ལ་ཐུག་འཕྲད་དུ་སླེབས་ནས་ང་ཚོས་གོ་བསྡུར་བྱེད་ཀྱི་ཡོད་པ་དང་། སེམས་ཁམས་རིག་པའི་སྐོར་ལ་བློ་བསྐྱེད་ལེན་པར་ཕན་ཐོགས་ཆེན་པོ་འདུག
དེ་རིང་འདིར་ཡོད་པའི་དགེ་འདུན་པ་དང་བཙུན་མ་ཚོས་གཞུང་ཆེན་བལྟ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཚོགས་ལ་འཚོགས་པ་དང་། བསྐང་གསོལ་འདོན་པ་ནི་མ་གཞི་གོམས་གཤིས་ཡོད་ཀྱང་། གཙོ་བོ་དཔེ་ཆར་བལྟ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ལུས་ཀྱི་རྟགས་ཆ་ལུགས་བརྗེ་བ་ཙམ་མ་ཡིན་པར་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་མི་སྐྱ་ཚོར་ཆ་བཞག་ནའང་དགོན་པ་གྲྭ་ཚང་གི་སྐད་ཆ་མེད་ཀྱང་། སོ་སོར་གང་ཡོད་པ་དེའི་ཐོག་ནས་སེམས་ཁམས་རིག་པ་དང་། ཚད་མའི་འགྲོ་སྟངས་ལ་སློབ་སྦྱོང་དང་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། རབ་ཏུ་བྱུང་བ་རྣམས་ལུས་ཀྱི་རྟགས་ཆ་ལུས་བརྗེ་བ་ཙམ་མ་ཡིན་པར་སློབ་གཉེར་བརྒྱབ་ནས་གྲྭ་ཆས་གྱོན་པའི་གོ་ཆོད་པ་ལ་དཔེ་ཆར་བལྟ་རྒྱུ་གལ་ཆེན་པོ་ཡིན།
ངོས་རང་ལ་ཆ་བཞག་ན་ཕ་ཡུལ་ནས་ཆུང་ཆུང་སྐབས་ནས་ཡར་འབྱོར་བ་དང་། ༸རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ནས་བཞུགས་ཁྲི་མཐོན་པོ་ཞིག་གི་སྒང་ལ་བཞག་པ་ཡིན་ནའང་། དཔེ་ཆ་བལྟ་རྒྱུ་ནི་ཡོངས་འཛིན་རྣམ་པ་གཉིས་ཀྱི་མདུན་ནས་གྲྭ་པ་གྲྭ་རྐྱང་ནང་བཞིན་བལྟས་ཡོད། བར་སྐབས་ངོས་ཀྱིས་ཨ་ནེ་དགོན་པ་ཚོས་ཀྱང་དཔེ་ཆར་བལྟས་ཏེ་རྟགས་གསལ་བསླབ་དགོས་པ་རེད་ཅེས་འབོད་སྐུལ་བྱས་པར་དེང་སང་བཙུན་མའི་དགོན་པ་མང་པོ་ཞིག་གིས་རྟགས་གསལ་བསླབ་ནས་ཡག་ཐག་ཆོད་ཆགས་ཡོད། དཔེ་ཆ་བསླབ་ནས་རྩོད་པ་རྩོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་གྱིས་མར་ཁྲིད་པ་དང་ཡིན་པ་རེད། ཡིན་པ་རེད། བསམ་པ་ཙམ་མ་ཡིན་པར་རྩོད་པ་བརྩད་དེ་བརྡར་ཤ་གཅོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
ངོས་རང་ཆུང་ཆུང་སྐབས་སུ་གདན་སའི་གྲྭ་ཚང་སོ་སོ་ནས་མཚན་ཞབས་བདུན་ཡོད། ཁོང་ཚོའི་མཉམ་དུ་རྟགས་བསལ་མང་པོ་བཏང་ཞིང་། སེ་འབྲས་ལ་གྲྭ་སྐོར་དང་སྨོན་ལམ་ཆེན་མོར་དམ་བཅའ་བཞག་སྟེ་དཔེ་ཆ་བའི་མི་གོ་བཅད་ཡོད། ངོས་རང་༸རྒྱལ་བ་རིན་པོ་ཆེ་རེད་ཅེས་བཞུགས་ཁྲི་མཐོ་བོར་བསྡད་དེ་མཛད་སྒོ་མ་གཏོགས་བྱེད་པ་མ་གཏོགས་སློབ་གཉེར་མེད་པ་བྱས་ནས་བསྡད་མེད། ཁྱོད་ཚོ་དགེ་འདུན་པ་ཚོར་ཆོས་ལུགས་དབྱེ་བ་ཡོད་པ་མ་རེད། གཞུང་ཆེན་རྣམས་ལ་ངེས་པར་དུ་བལྟ་རྒྱུ་གལ་ཆེན་པོ་རེད། བཙུན་མ་ཚོས་ཀྱང་དེ་དེ་བཞིན་གཞུང་ཆེན་རྣམས་ལ་བལྟ་དགོས། དེང་སང་སྨོན་ལམ་དམ་བཅའི་སྐབས་སུ་བཙུན་མ་ཚོས་ཀྱང་རྟགས་བསལ་གཏོང་རྒྱུའི་ལམ་ལུགས་གསར་པ་བཏོད་ཡོད། ཁྱོད་རང་ཚོས་ཀྱང་དེ་བཞིན་རབ་བྱུང་ཨ་ཅང་ཅང་། བཙུན་མ་ཚོས་ཀྱང་དཔེ་ཆར་བལྟས་ཏེ་རྟགས་གསལ་གཏོང་རྒྱུ་བྱུང་ན། བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པར་ཧ་ཅང་ཕན་ཐོགས་ཆེན་པོ་རེད། རབ་བྱུང་ཕོ་མོ་དབྱེ་བ་མེད་པར་དཔེ་ཆར་བལྟས་ཏེ་རྟགས་གསལ་གཏོང་རྒྱུ་ཡག་པོ་བྱུང་ན་བསྟན་པའི་ཞབས་འདེགས་རེད། ཧུར་ཐག་བྱོས། ཁྱོད་ཚོ་མི་སྐྱ་ཚོ་ཡིན་ནའང་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དད་པ་གཅིག་པུ་ལ་ཆ་མ་བཞག་པར་གཞུང་ཆེན་རྣམས་ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་པའི་བློའི་འགྲོ་སྟངས་གསལ་པོ་ཡོད་པའི་སྐབས་སུ་ཨིན་ཡིག་སློབ་རྒྱུ་དེའང་ལས་སླ་བོ་འདུག ང་ཚོ་ཚང་མར་སོ་སོའི་སྐད་ཨ་ཅང་ཅང་། ཨིན་ཡིག་དེ་རྒྱལ་སྤྱིའི་སྐད་ཡིག་ལྟ་བུ་ཆགས་ཡོད་པས་དེ་ལ་ཏོག་ཙམ་དོ་སྣང་བྱོས། གང་ལྟར་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་སྐད་རིགས་མང་པོའི་ཐོག་ནས་འགྲེལ་བཤད་རྒྱབ་ནས་བཤད་རྒྱུ་བྱུང་ན་ཧ་ཅང་ཡག་པོ་འདུག དེ་མིན་དགེ་འདུན་པ་ཚོས་ཆོས་བྱེད་ཟེར་དུས་དགོན་པའི་ནང་དུ་འདོན་པ་བཏོན་ནས་སྡོད་པ་ལྟ་བུ་གཅིག་པུ་མིན་པར་སློབ་སྦྱོང་བྱས་ཏེ་འགྲེལ་བཤད་རྒྱག་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།