༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བཞེས་པའི་༸སྐུའི་གོ་སྟོན་དུ་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ནས་བརྟན་བཞུགས་བསྡུས་པ་དང་། ཡུལ་ལུང་སོ་སོའི་སྲོལ་རྒྱུན་འཁྲབ་གཞས་གཟིགས་འབུལ་གྱི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༦།༠༠ ཙམ་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བྷུ་རུ་ནེ།(Brunei) ཀམ་བྷོ་ཌི་ཡ།(Cambodia) ཨི་ཌོ་ནེ་ཤི་ཡ།(Indonesia) ལའོ་སི།(Laos) མཱ་ལེ་ཤཱི་ཡ།(Malaysia) འབར་མ། (Myanmar) ཧྥེ་ལེ་པིན།(Philippines) སིངྒ་པོར།(Singapore) ལྷོ་ཀོ་རི་ཡ།(South Korea) ཐའེ་ལན་ཌི།(Thailand) ཝེད་ནམ།(Vietnam)བཅས་ཀྱི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བས་དབུས་གཉུག་མར་གནས་པའི་བོད་རིགས་སོགས་དད་ལྡན་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་འདུ་འཛོམས་ཀྱིས་ཁམས་གསུམ་འགྲོ་བའི་མགོན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་བ་དང་། ཆུ་ཚོད་ ༨།༠༠ ཙམ་ལ་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་གི་བླ་ཆེན་རྣམ་པའི་སྐུ་ཚབ་རྣམས་བཞུགས་གྲལ་དུ་འཁོད་ཅིང་། ཆུ་ཚོད་ ༨།༥༥ ཙམ་ལ་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སོགས་ནས་སྤོས་སྣེས་མདུན་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཝེ་ནེས་(Wee Nee)ལགས་ཀྱིས་ཕེབས་སྟོན་གསུང་བཤད་དང་།
ཐའེ་ལན་ཌའི་ཆང་རའེ་ས་གནས་ཀྱི་གནས་བརྟན་སྡེ་པའི་དགོན་པ་རའེ་ཆེ་རན་ཏ་ཝན་(Rai Cherntawan)རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཀྱི་མཁན་རིན་པོ་ཆེ་ཕྲ་མེ་ཌི་ཝ་ཇོ་རོ་ཌོམ་ཝི་ཝ་ཇི་ར་མེདྷ་(Phramedivajrodom V.Vajiramedh)མཆོག་གིས་གཙོས་དགེ་འདུན་པ་གྲངས་ ༣༠ སྐོར་ནས་པཱ་ལིའི་སྐད་དུ་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་དང་འཛམ་གླིང་ཞི་བདེར་སྨན་པའི་ཞལ་འདོན་གསུངས་པ་དང་། གོ་སྒྲིག་ཚོགས་ཆུང་གི་འཐུས་མི་ ༡༤ ཡིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། དེ་རྗེས་ཝེད་ནམ་ནང་ཚོགས་ཀྱི་འཛིན་སྐྱོང་ཚོགས་པའི་ཚོགས་གཞོན་དང་། ཝེད་ནམ་དབུས་ནང་པའི་ཚོགས་ཆུང་གི་ཚོགས་གཞོན་གཅིག་ལྕོགས་དགེ་སློང་ཐིག་ནཱ་ཏ་ཐུ་(Thich Nhat Tu)མཆོག་ནས་གནས་བརྟན་སྡེ་པའི་ཡུལ་གྲུ་བདུན་གྱི་དབུ་བླ་སངྒྷ་རཱ་ཇ་རྣམ་པ་དང་། གཞན་ཡང་རྒྱལ་ཁབ་ཁག་གི་ནང་པའི་བླ་ཆེན་རྣམ་པ། དེ་བཞིན་༸སྐུའི་གོ་སྟོན་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་བཅས་ཀྱི་སྐུ་ཚབ་ངོ་བོའི་ཐོག་ཐུན་མོང་གི་བསྒྲགས་གཏམ་ལྗགས་ཀློག་གནང་ཡོད།
བསྒྲགས་གཏམ་དེར། དེ་ཡང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་སངས་རྒྱས་པ་ཀུན་གྱིས་གུས་ཤིང་བཀུར་བའི་མཚན་སྙན་གྲགས་ཆེ་ཤོས་ཀྱི་དབུ་ཁྲིད། ཞི་བདེ་དང་སྤྱི་སེམས་ཐུགས་འཁུར་བཞེས་པའི་རང་ཁྲིམས་རང་སྲུང་ཅན་དང་། དེ་བཞིན་ཆོས་ལུགས་དང་སྤྱི་ཚོགས་ཀྱི་མཐུན་འབྲེལ་གནང་མཁན་ཞིག་ཡིན་པ་མ་ཟད། མགོན་པོ་མཆོག་གིས་རང་དོན་བློས་གཏོང་གིས་བྱམས་བརྩེ། ཞི་བདེ། མཐུན་འབྲེལ་བཅས་ཀྱི་ཐོག་ལེགས་སྐྱེས་ཕུལ་བར་འཇིག་རྟེན་ཁམས་ཀྱི་ཆེ་དགུ་ཡོངས་ཀྱིས་ངོས་འཛིན་མངོན་བསྟོད་ཀྱི་སྒོ་ནས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང། ཨ་རིའི་གྲོས་ཚོགས་གསེར་གྱི་གཟེངས་རྟགས། ཀྲེམ་པལ་ཀྲན་བྱ་དགའ་སོགས་འབུལ་བཞེས་མཛད་ཡོད།
དེ་བཞིན་མགོན་པོ་མཆོག་ནས་མ་སྐུལ་དང་བླང་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་སྟེ། ནང་པ་སངས་རྒྱས་པའི་ཆོས་ཀྱི་དབུ་ཁྲིད་ཀྱི་ངོ་བོར་འཚོ་གཞེས་གནང་ཐོག་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རིགས་སོ་སོའི་ནང་པ་དང་། ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་གུས་བཀུར་བླ་མེད་ཞུ་བ་དང་། གཞན་ཡང་མགོན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་ནང་པ་སངས་ཀྱི་ཆོས་ཀྱི་སྲོལ་ལུགས་ནུས་པ་ཇེ་ཆེར་གཏོང་བཞིན་པ་མ་ཟད། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གྱིས་བགྲོ་གླེང་གོང་སྤེལ་དང་། འགྲོ་བ་མི་ཡོངས་ལ་ཕུ་ནུ་མིང་སྲིང་གཅིག་མཚུངས་ཀྱི་འདུ་ཤེས་གོང་མཐོར་གཏོང་བར་ལེགས་སྐྱེས་ཕུལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་། ཁོར་ཡུག་ལ་ཐུགས་ཁུར། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བཅས་ལ་འགྱུར་བ་མེད་པའི་ཐུགས་འགན་བཞེས་པ་འདིས་མི་རབས་སྔ་ཕྱི་དུ་མར་ཡིད་འགུལ་ཐེབས་ཏེ་མི་བུ་གྲངས་ལས་འདས་པར་བྱམས་བརྩེ་དང་ཤེས་རབ་ཀྱི་ལམ་དུ་བཙུད་པར་མཛད་ཡོད། དེ་བཞིན་ཁོང་གི་མུན་སེལ་འོད་སྣང་གི་བཀའ་ཆོས་རྣམས་ཀྱིས་གོ་ལའི་བླང་དོར་གྱི་བསམ་སྤྱོད་གསལ་སྟོན་མཛད་བཞིན་པ་འདིས་རྒྱལ་ཁབ་དང་མི་རིགས་རྣམས་ཆིག་སྒྲིལ་གྱིས་ཐོག་ནས་ཞི་བདེ་དང་དྲང་བདེན་གྱི་ཚེ་སྲོག་སྐྱེ་བོ་མཐའ་དག་གིས་རང་བཞིན་གྱིས་མཐོང་ཆེན་གདེང་འཇོག་བཅས་ཐུན་མོང་གི་མདུན་ལམ་རྣམས་སྒྲུབ་པར་སྐུལ་འདེད་མཛད་ཡོད།
དེར་བརྟེན། ད་ལམ་འདི་ག་བཞུགས་སྒར་རྡ་རམ་ས་ལར་༸སྐུའི་གོ་སྟོན་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོར་ཆེད་དུ་འདུ་འཛོམས་ཞུས་པའི་ངེད་ཅག་ཨེ་ཤི་ཡའི་ནང་པའི་དབུ་ཁྲིད་དང་། རྗེས་འབྲང་བའི་ལྷན་ཚོགས་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མགོན་པོ་མཆོག་གིས་གོ་ལ་ཧྲིལ་པོར་ཞི་བདེ་དང་མཐུན་ལམ་སྤྱི་དང་། བྱེ་བྲག་འཛམ་གླིང་ཆོས་ལུགས་མི་འདྲ་བའི་རྗེས་འབྲང་རྣམས་ཀྱི་ནང་སེམས་ཀྱི་བདེ་དོན་ཐད་ལེགས་སྐྱེས་འགྲན་ཟླ་བྲལ་བ་ཕུལ་བར་གཟེངས་བསྟོད་བསྔགས་བརྗོད་ཚད་མེད་ཞུ་བ་དང་། གཞན་ཕན་གྱི་རླབས་ཆེན་མཛད་རྗེས་དེ་དག་ངོས་འཛིན་ཞུ་བ་དང་འབྲེལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་“འཇིག་རྟེན་ཡོངས་ཀྱི་ནང་པ་སངས་རྒྱས་པའི་དབུ་ཁྲིད་བླ་ན་མེད་པ།”ཞེས་པའི་མཚན་གནས་འབུལ་བའི་བསྒྲགས་གཏམ་སྤེལ་བ་ལགས།
༸སྐུའི་གོ་སྟོན་ལ་རྟེན་འབྲེལ་ཞུས་པ་འདིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་དུས་ལས་ཡོལ་བ་མེད་པའི་བཀའ་ཡི་འཕྲིན་བཟང་དང་། སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་ཆོས་བཅས་ཀྱི་དགའ་སྟོན་རྟེན་འབྲེལ་ཡང་ཞུ་བ་ཡིན། མགོན་པོ་མཆོག་གི་༸སྐུའི་མཛད་པས་མཚོན་པའི་ཚད་མེད་པའི་བྱམས་བརྩེ་དང་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་བཞེས་བླ་མེད་ཀྱིས་དོན་དམ་པའི་འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ་བཅས་སྒྲུབ་པར་ངེད་ཅག་གིས་སླར་ཡང་དགའ་སྤྲོ་དང་བཅས་ལྷག་བསམ་རྣམ་དག་གིས་འབད་འབུངས་དམ་དོན་ཞུ་རྒྱུར་དམ་བཅའ་འབུལ་རྒྱུ་ཡིན། ཞེས་འཁོད་ཡོད།
དེ་རྗེས་རྒྱལ་ཁབ་ཁག་བདུན་གྱི་དབུ་བླ་སངྒྷ་རཱ་ཇ་བདུན་གྱི་སྐུ་ཚབ་དང་། རྒྱལ་ཁབ་ཁག་གི་ནང་པའི་བླ་ཆེན་རྣམ་པ། ༸སྐུའི་གོ་སྟོན་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་བདུན་བཅས་ཐུན་མོང་ནས་༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་འབུལ་ལམ་དང་། ཨིན་སྐད་ཐོག་མཎྜལ་བཤད་པ་དང་འབྲེལ་༸སྐུའི་གོ་སྟོན་བརྟན་བཞུགས་དང་རིག་གཞུང་འཁྲབ་སྟོན་གྱི་སྦྱིན་བདག་གཙོ་བོ་ ༡༤ ནས་མཇལ་ཁ་ཞུས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་དོན།
ངོས་རང་མདོ་སྨད་ཀྱི་ས་ཁུལ་ནས་སྐྱེས་ཤིང་། ཡར་ལྷ་སར་སླེབས་ཏེ་ཆུང་ཆུང་སྐབས་ནས་དགེ་རྒན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལས་ཁ་དོག་དཀར་དམར་དང་། ཚད་མ། དབུ་མའི་གཞུང་། འདུལ་བ་སོགས་ལ་བལྟས་པ་ཡིན། མཛོད་ལ་དེ་ཙམ་དོ་སྣང་བྱས་མེད། རི་རབ་གླིང་བཞི་གླིང་ཕྲན་བཤད་ཡོང་དུས་དེ་ཙམ་དགོས་པའང་མཐོང་མ་སོང་། གཞན་དབུ་ཕར་གྱི་གཞུང་རྣམས་ལ་དང་། ལྷག་པར་དུ་ཤེས་པའི་རྣམ་གཞག་ལ་བལྟས་ཡོང་དུས་སེམས་ཁམས་རིག་པའི་སྐོར་དང་། བློ་ཡིད་ལ་འཇུག་ཚུལ་སོགས་ཧ་ཅང་གསལ་པོ་དང་། ནུས་པ་ཆེན་པོ་ཡོད་པ་ཞིག་རེད། ཞོགས་པ་ཡར་ལངས་པ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས་གཞུང་དེ་དག་གལ་ཆེན་པོར་བརྩིས་པ་ཡིན། དེ་དུས་མཚན་ཞབས་ཚོ་ཡོད་པ་རེད། ཁོ་ཚོས་རོགས་རམ་བཀའ་དྲིན་བསྐྱངས་ནས་དཔེ་ཆར་དགའ་རབ་བལྟས་པ་དང་། གྲྭ་སར་གྲྭ་སྐོར་དང་ལྷ་སའི་གཙུག་ལག་ཁང་དུ་དམ་བཅའ་འཇོག་པ་སོགས་སྐལ་བ་ཧ་ཅང་བཟང་པོ་བྱུང་། ངོས་རང་ཕ་ཡུལ་ནས་གྲོང་གསེབ་པའི་ཕྲུ་གུ་གང་ཡང་མི་ཤེས་མཁན་ཞིག་ཡར་ལྷ་སར་སླེབས་ནས་གཞུང་དེ་དག་ལ་བལྟས་ཏེ། གང་ལ་གང་འཚམ་གྱིས་རྣམ་དཔྱོད་འཕེལ་བའི་སྐལ་བ་ཧ་ཅང་བཟང་པོ་བྱུང་། མཚན་ཞབས་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། མཚན་ཞབས་དཔེ་ཆ་ཡག་པོ་ཚོའི་མཉམ་དུ་རྩོད་པ་རྩོད་པ་དང་། གཞུང་གོང་འོག་བསྒྲིིགས་ནས་བསམ་བློ་གཏོང་བ་སོགས་བྱས་པ་རེད། ཅེས་དང་།
ཆབ་སྲིད་ཀྱི་འགྱུར་བ་མང་པོ་བྱུང་ཡང་ངོས་རང་གི་རྩ་བའི་དམ་བཅའ་སྟོན་པའི་སྡེ་སྣོད་གསུམ་ཉར་ཚགས་བྱེད་རྒྱུ་གལ་ཆེན་དོན་ཆེན་དུ་བརྩིས་པ་ཡིན། ངོས་རང་ནོར་བུ་གླིང་ག་ནས་ཐོན་ཡོང་སྐབས་ནོར་གླིང་དུ་ཡོད་པའི་མགོན་པོའི་སྣང་བརྙན་ལ་གསོལ་བ་བཏབ་པ་ཡིན། གོ་གྲུར་བསྡད་ནས་ལྷ་སའི་གཙང་པོ་བརྒལ་ཡོང་སྐབས་ནོར་གླིང་ལ་ཕྱིར་བལྟས་སློག་ནས་སེམས་ལ་དགའ་སྐྱོ་ཟུང་འབྲེལ་བྱུང་། ཕྱོགས་གཅིག་ནས་ལྷ་ས་ནས་ཁ་བྲལ་འགྲོ་བཞིན་ཡོད་པས་སེམས་སྐྱོ་བོ་ཡོང་བ་ཞིག་དང་། ཡང་ཕྱོགས་གཅིག་ནས་རང་དབང་གི་ས་ལ་སླེབས་ཀྱི་ཡོད་པའི་ཆ་ནས་སྤྲོ་བ་ཞིག་ཀྱང་ཡོང་བ་རེད། དེ་ལྟར་ནོར་བུ་གླིང་ག་ནས་ཐོན་ཡོང་བ་རེད། མོན་བརྒྱུད་ནས་རྒྱ་གར་དུ་སླེབས་པ་དང་། ནེ་ཧ་རུ་སོགས་ཀྱིས་ཤ་ཚ་རྣམ་དག་གིས་རོགས་རམ། མཐུན་རྐྱེན་ཆ་ཚང་གནང་སྟེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དེ་ལྟར་བདེ་སྐྱིད་ལྡན་པའི་ངང་ནས་རྒྱ་གར་ལ་འབྱོར་བ་རེད། རྒྱ་གར་དུ་སླེབས་ནས་འཛམ་གླིང་གང་སར་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོར་འགྲེལ་བཤད་བརྒྱབ་ནས་ཧ་ཅང་སྐལ་བ་བཟང་པོ་ཡིན། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་རེད། ཡིན་ནའང་། སངས་རྒྱས་པའི་ཆོས་འདི་ནང་སེམས་ཁམས་རིག་པ་དང་འབྲེལ་ནས་བཤད་རྒྱུ་ཡོད་པ་དང་། ཕྱི་དངོས་པོའི་གནས་ཚུལ་ཡང་ཕྲ་རགས་མང་པོར་ཕྱེས་ཏེ་བཤད་རྒྱུ་ཡོད་པ་ནི་ཧ་ཅང་ཟབ་པོ་རེད། ངོས་ཀྱིས་དེ་དག་ལ་སློབ་སྦྱོང་བྱས་ཤིང་། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་སྐོར་ལ་བསམ་བློ་བཏང་ནས་མི་ཚེ་བསྐྱལ་བ་རེད།
རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ཀྱི་ས་ཁུལ་འདིར་དེ་རིང་ངོས་ཀྱི་སྐྱེས་སྐར་ལ་ཁྱོད་རང་ཚོ་དད་པའི་ཀུན་ནས་བསླངས་ཏེ་འདུ་འཛོམས་བྱས་པ་རེད། ནང་པའི་ཡུལ་གྲུ་ཁག་ནས་དགེ་སློང་རྣམ་པ་ཚོ་ཡང་འདིར་ཕེབས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་ཡུལ་གྲུ་གང་ས་ནས་འདིར་སླེབས་པ་ཚང་མ་རྒྱུ་དངོས་པོ་ལ་བལྟས་ནས་འཛོམས་པ་མ་རེད། དངོས་གནས་ཆོས་ཕྱོགས་ནས་སེམས་ཤུགས་བསྐྱེད་དེ་འདིར་འཛོམས་པ་རེད། ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ནས་སངས་རྒྱས་པའི་ཆོས་ཉམས་ལེན་ཧུར་ཐག་གིས་བྱེད་བཞིན་ཡོད། འདུལ་བའི་སྡོམ་པ་གཙོ་བོར་བྱས་ཏེ། ཕར་ཕྱིན་དང་དབུ་མར་སྦྱངས་ནས་ཕལ་ཆེར་རང་གི་བསམ་ཚོད་ལ་ཆོས་པ་ཡག་ཐག་ཆོད་ཅིག་ཆགས་ཡོད། ཅེས་དང་། ཕྱི་ལོ་ ༡༩༥༩ ལོའི་དོན་རྐྱེན་བྱུང་ནས་རྒྱ་གར་དུ་སླེབས་པ་དང་། རྒྱ་གར་རང་དབང་ལུང་པའི་ནང་དུ་སོ་སོའི་ཆོས་བྱེད་པ་དང་། མི་ལ་ཆོས་བཤད་པ་རེད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིར་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ངོས་རང་ལ་མཚོན་ན་༸རྒྱལ་བ་རིན་པོ་ཆེ་ཞེས་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ལ་ངོས་འཛིན་བྱས་ཏེ་འཛམ་གླིང་གང་ས་ནས་ངོས་ཀྱི་སར་ནང་པའི་ཆོས་ལ་གོ་བསྡུར་བྱེད་མཁན་དང་། འགྲེལ་བཤད་ཞུ་མཁན་མང་པོ་ཡོང་གི་འདུག ངོས་ནས་ཧུར་ཐག་འབད་ཐག་བྱས་པ་ཡིན། ཞེས་སོགས་བཀའ་སློབ་སྩལ་བ་དང་།
དེ་རྗེས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐའེ་ལན་ཌི། ཝེད་ནམ། ཨི་ཌོ་ནེ་ཤི་ཡ། ལའོ་སི། འབར་མ། ཀམ་བྷོ་ཌི་ཡ། མ་ལེ་ཤཱི་ཡ། སིངྒ་པོར་བཅས་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་པ་ཚོས་རང་རང་ཡུལ་གྱི་སྲོལ་རྒྱུན་འཁྲབ་གཞས་ཀྱི་མཆོད་པ་གཟིགས་འབུལ་ཞུས་པ་དང་། མཐར་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་དང་བྱུང་སོང་རྩིས་ཁྲ་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ནས་༸སྐུའི་གོ་སྟོན་དུ་བརྟན་བཞུགས་འཁྲབ་གཞས་གཟིགས་འབུལ་གྱི་མཛད་སྒོ་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།